2010-12-31

གཅེས་སྐྱོང་གི་བློ་སྟབས་ལྡན་པའི་ཁྱི་མོ་ཞིག


ཀ༽
ཀ་བ་མང་པོས་མཁའ་དབྱིངས་སུ་སྟེགས་པའི་ཆུ་སྒྲོམ་ཆེན་པོ་དེའི་འོག ལྕགས་དོང་ལ་ཚོན་དམར་བྱུགས་པའི་རླངས་རྫས་ཀྱི་ཁང་ཆུང་དེའི་འཁྲིས་སུ། ཀྱོག་ཀྱོག་གི་ལམ་འགུག་དེར་བསྐྱོད་པའི་དུས། རྡོག་པའི་བརྫིས་ལ་ཉེ་བའི་ཁྱི་གུ་ཆུང་ཆུང་འགའ་ཤས་གཅིག་གིས་གཅིག་རུམ་ནས་ཉལ་བསྡད་པ་མཐོང་བས། ཁོ་བོའི་སེམས་སུ་དངངས་སྐྲག་སྐྱེས་ནས་ཁ་ནས་་་ཨ་ཙི་ཁྱི་ཕྲུག་དེ་ཚོ་རྫིས་མི་ཡོངས་་་ཞེས་ཤོར་ཞིང་ཡང་ཡང་ཕྱི་བལྟས་བྱས་ནས་སོང་།

ཁ༽
ཁ་རྩངས་ཡང་ལམ་དེར་ཆས་པའི་དུས། ཁྱི་གུ་དེ་ཚོ་དེ་སྔ་བཞིན་ལམ་གྱི་ཟུར་ཞིག་ཏུ་ཉལ་ནས་འདུག་ཅིང་། འོན་ཀྱང་ཟུར་གཞན་ཞིག་ཏུ་ཁྱི་མོ་ཞིག་ཉལ་ནས་འཕྱང་བཞིན་འདུག་པས། དེའི་ཉེ་འཁྲིས་ཀྱི་ཁང་ཆུང་ཞིག་ཏུ་ད་ལྟ་སྡོད་བཞིན་པའི་ངའི་གྲོགས་པོ་ཞིག་གིས་ཁྱི་མོ་དེ་ཁྱི་གུ་དེ་ཚོའི་ཨ་མ་རེད་དེ། ཨ་མ་བཞིན་དུ་བལྟ་སྐྱོང་བྱེད་ཀྱི་འདུག་ཞེས་ལབ་སོང་།

ག༽
ག་པར་ག་པར་ཞེས་ངའི་ཁ་ནས་ཡིད་མ་ཆེས་པའི་རྣམ་འགྱུར་འཐོན་དུས། ངའི་གྲོགས་པོ་དེས་དངོས་གནས་རེད། ཁ་སེང་ཉིན་ཞིག་གི་སྔ་དྲོར་འདིར་ཁྱི་ཕྲུག་བཞི་ཐམ་པ་གཡུགས་ནས་འདུག རྗེས་སུ་ཁྱི་མོ་དེས་བདག་པོ་སྤྲད་སོང་། རྗེས་སུ་ཁྱི་ཕྲུག་གཅིག་ཤི་སོང་བས་ཁྱི་མོ་དེས་ཁྱི་ཕྲུག་ཤི་བའི་རོ་ཡང་ས་བྲུས་ནས་ཕ་གིར་སྦས་སོང་ཟེར་ནས་གློག་ཞུ་རྒྱབ། དངོས་གནས་རང་ཕ་གིར་ས་བྲུས་ཤུལ་འདུག ཡང་ཁོས་བརྗོད་དོན། སྙིང་རྗེ་ཁྱི་མོ་འདི། སྤྱིར་བཏང་མོ་རང་ནད་པ་རེད་འདུག མོའི་མཇུག་མར་རྨ་འདོན་ནས་ཕྱེད་ཀ་ཆད་འདུག ད་དུང་མཇུག་མ་ཕྱེད་ཀ་ལྷག་ཡོད་པ་དེ་ཡང་རྨ་འདོན་ནས་འདུག་ཟེར།

ང༽
ང་ཡིས་དེ་དུས་གཞི་ནས་གཅིག་དྲན། བདུན་ཕྲག་གཅིག་གཉིས་ཤིག་གི་སྔོན། ཁོ་བོ་དང་གྲོགས་པོ་ཞིག་ལམ་དུ་ཆས་པའི་དུས་གྲྭ་ཚང་གི་ཕྱག་ཁང་མདུན་དུ་ཁྱི་མོ་ཞིག་གིས་ང་གཉིས་ཀྱི་སར་འོང་ནས་དགའ་བའི་རྣམ་འགྱུར་དང་ངུ་བའི་རྣམ་འགྱུར་བསྟན་བཞིན་འདུག དེ་དུས་ངའི་གྲོགས་པོ་དེས་ཁྱི་མོ་དེའི་མགོ་ལ་བྱུགས་བྱུགས་བྱས་སོང་། ངས་ཀྱང་ཁ་ནས་སྙིང་རྗེ། ཁྱི་མོ་དེ་ཚོ། ག་དུས་ཡིན་ནའང་ཁྱི་མོ་དེ་ཚོར་དཀའ་ངལ་རེད། དཔེར་ན། དང་པོར་མི་ཞིག་གིས་ཁྱི་ཞིག་ཉར་འདོད་ཚེ་ཕོ་ཁྱི་དགོས་པ་དང་མོ་ཁྱི་ཡིན་ན་ཧ་ལམ་ཉར་དཀའ་བ་རེད། བར་དུ་ལམ་ཟུར་གྱི་ཁྱི་ཚང་མས་ཐུབ་ཚོད་གཤེད། ཐ་མར་ཁྱི་ཕྲུག་མང་དག་ཅིག་སོ་སོ་གཅིག་པུས་གསོ་དགོས་པ་དང་། ཁྱི་ཕྲུག་དེ་ཚོ་རང་མགོ་འཐོན་མཚམས་གང་དགར་ཕྱིན་ནས་ཚུར་བལྟ་སྐྱོང་བྱེད་མཁན་སུ་ཡང་མེད། ཅེས་ལབ་ཤོར།

ཅ༽
ཅ་ཅོའི་གཏམ་རྙོག་བོར་ནས་མདོ་དོན་བཤད་ན། གོང་གསལ་མིག་མཐོང་ལག་ཟིན་གྱི་གནས་ཚུལ་དེར་བལྟས་ཚེ། སེམས་པ་བཟང་ན་མི་ལས་ཁྱི་ལྷག་ཟེར་ནའང་ཆོག་པ་འདུག གང་ཡིན་ཟེར་ན། གོང་གསལ་ཁྱི་ཕྲུག་དེ་ཚོ་མིས་གཡུགས་པ་དང་། ཁྱིས་བདག་པོ་རྒྱབ་པ་རེད། སོམས་དང་། ལུས་པོ་ཁྱི་ཡིན་ནའང་སེམས་པ་མི་ལས་བཟང་བ་འདུག ང་ཚོས་གོང་གསལ་དངོས་བྱུང་དེར་བསམ་བློ་བཏང་ན། ལམ་ཉམས་ལེན་བྱེད་དུས་ཀྱང་། མ་སེམས་ཅན་ཐམས་ཅད་ཟེར་དུ་སྐྱེས་པའི་ཨ་མ་རྐྱང་པར་བསམ་བློ་གཏོང་མི་དགོས་པར་གོང་གསལ་ཁྱི་མོ་དེ་ལྟ་བུའི་གསོ་བར་བྱེད་པའི་མ་ཡང་བསམ་བློ་གཏོང་ཆོག་པ་འདུག་ལ། རྒྱུན་དུ་སྔོན་བྱོན་བྱང་ཆུབ་སེམས་དཔའ་རྣམ་ཐར་ལྟར་་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སྦྱིན་པ་བཏང་མི་ཐུབ་ཀྱང་། ཁྱི་མོ་དེ་བཞིན་དུ་ཡ་རབས་བཟང་སྤྱོད་དང་ཕན་སེམས་ཀྱི་བསམ་བློ་ཐུབ་པ་ཞིག་དགོས་འདུག

2010-12-27

ལྷ་མོ་དབྱངས་ཅན་མ།

རབ་ཡངས་གླིང་འདིའི་ང་རོ་ཐ་དག་གཅིག་ཏུ་འདུས་ནས་འགྲན་པས་ཀྱང་།།
རབ་སྙན་ཁྱེད་གསུང་ཆ་ཙམ་མི་བཟོད་སྙན་འཇེབས་རྡུལ་སྙེད་དཔལ་ལྡན་པ།།
རབ་རྒྱས་མྱོས་བུམ་ཟུང་གི་མདུན་ནས་རྒྱུད་མངས་སྦྲེང་པའི་ཚུལ་འཛིན་མ།།
རབ་དཀར་དབྱངས་ཅན་ལྷ་མོའི་སྐུ་ཡི་འོད་རླབས་དེ་ཡིས་བདག་ཡིད་འཕྲོག།

2010-12-26

རྣམ་དཔྱོད་བློ་ཡི་སྒོ་མོ་ཕྱེ་ནས་རིག་པའི་ཕོ་ཉ་སྒུག་པའི་ཚེ།།
བླུན་པོ་སྟོང་གིས་རྭ་ཅོ་ངོམ་བཞིན་ཐལ་བའི་ཁྲོད་ནས་སྐད་ཅིག་ལྷགས།
བྱམས་པའི་སེམས་ཀྱི་ལྕགས་ཀྱུས་བཟུང་སྟེ་རེ་ཞིག་འདུལ་བར་བསམས་ན་ཡང་།།
དཔྱོད་མེད་རིགས་ཀྱི་བྱེད་སྟངས་དེ་ཡི་རེ་ཞག་མདའ་རྩེ་བཞིན་དུ་འདྲོངས།

2010-12-15

ཧ་ཆི་ཀོ། Hachiko

ཧ་ཆི་ཀོ། 《ཕྱི་ལོ་༡༩༢༣ ཟླ་བ་༡༡ ཚེས་༡༠ ནས་ ༡༩༣༥ ཟླ་བ་༣ ཚེས་༨ བར་འཚོ་གནས་བྱས།》

ཉི་ཧོང་དུ་དམ་ཚིག་གཡོ་བ་མེད་པའི་ཁྱི་རུ་གྲགས་པ་ཧ་ཆི་ཀོ་ནི་༡༩༢༣ ཟླ་བ་༡༡ ཚེས་༡༠ ཉིན་ཨོ་དྷ་ཏེ་Odateཞེས་པའི་ཉི་ཧོང་གི་གྲོང་ཁྱེར་དེའི་ཉེ་འདབས་སུ་ཞིང་པ་ཞིག་གི་ནང་དུ་ཨ་ཀི་ཏ་Akitaཞེས་པའི་ཁྱིའི་རིགས་སུ་སྐྱེས། ༡༩༢༤ ལོར་ཀྲོག་ཡོའི་Tokyoམཐོ་རིམ་སློབ་གྲྭའི་སོ་ནམ་མཁས་དབང་proffessorཡུའི་ནོ་ Ueno ཞུ་བ་ཞིག་གིས་ཧ་ཆི་ཀོ་གཅེས་ཉར་སེམས་ཅན་དུ་ཉར། མཁས་དབང་ཁོང་འཚོ་ཞུགས་ཀྱི་རིང་ཧ་ཆི་ཀོས་ཉིན་ལྟར་ཕྱི་དྲོ་ཤི་བྷུ་ཡ་Shibuya station ཞེས་པའི་མེ་འཁོར་བབ་ཚུགས་སུ་རང་གི་སྦྱིན་བདག་མཁས་དབང་དེ་བསུ་སར་བསྐྱོད་ཀྱི་ཡོད་འདུག འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ ༡༩༢༥ ཟླ་བ་༥ པའི་ནང་མཁས་དབང་དེ་ཀླད་ཁྲག་འདྲེས་ནས་འདས་གྲོང་དུ་གྱུར་པས་ཧ་ཆི་ཀོས་སྒུག་བསྡད་པའི་མེ་འཁོར་བབ་ཚུགས་སུ་ལོག་མ་ཐུབ། མཁས་དབང་ཁོང་འདས་པའི་རྗེས་སུ་ཧ་ཆི་ཀོ་གཞན་ཞིག་ལ་སྤྲད་ཡོད་ནའང་། བརྩེ་སེམས་ཀྱི་དམ་ཚིག་གཡོ་བ་མེད་པའི་ཧ་ཆི་ཀོས་རྟག་པར་བྲོས་ཕྱིན་ནས་སྦྱིན་བདག་འདས་པོ་དེའི་ཁྱིམ་དུ་ལོག་ཡོང་གི་ཡོད་ཅིང་། ཧ་ཆི་ཀོས་མཁས་དབང་ཁོང་གི་ཁྱིམ་ཚང་དེར་རང་གི་སྦྱིན་བདག་ད་ཆ་གནས་སྡོད་བྱེད་ཀྱི་མེད་པ་ཤེས་པའི་རྗེས། ཉིན་ལྟར་ཕྱི་དྲོ་མེ་འཁོར་བབ་ཚུགས་སུ་རང་གི་སྦྱིན་བདག་མཁས་དབང་ཡུའི་ནོ་འཚོལ་སར་ཕྱིན་ནས་སྒུག་བསྡད་པས་ཤི་བྷུ་ཡ་མེ་འཁོར་བབ་ཚུགས་སུ་འགྲུལ་བཞུད་པ་ཚོས་ཡིད་དབང་འཕྲོག་འོས་པ་ནི་བརྟན་འཇགས་མཐོང་རྒྱུ་ཡོད་པའི་ཧ་ཆི་ཀོས་རང་གི་སྦྱིན་བདག་སྒུག་བཞིན་པ་དེ་ཡིན། ཤི་བྷུ་ཡ་མེ་འཁོར་བབ་ཚུགས་སུ་རྟག་ཏུ་ཧ་ཆི་ཀོ་དང་མཁས་དབང་གཉིས་ཡང་ཡང་མཐོང་མྱོང་བའི་མི་མང་པོས་དེ་ལྟར་སྦྱིན་བདག་སྒུག་ནས་བསྡད་པའི་དམ་ཚིག་ཅན་གྱི་ཧ་ཆི་ཀོའི་བྱེད་སྟངས་དེ་ལ་ཡིད་སྨོན་ཤོར་ནས་ཧ་ཆི་ཀོ་ལ་བལྟ་རྟོགས་དང་འཚོ་སྐྱོང་བྱས་འདུག།
དེ་ལྟར་ཧ་ཆི་ཀོས་ལོ་ངོ་དགུ་སྟེ་མདོར་ན་རང་གི་ཚེ་སྲོག་ཧྲིལ་པོ་མ་རྫོགས་ཀྱི་བར་ཉིན་ལྟར་མེ་འཁོར་བབ་ཚུགས་སུ་རང་གི་སྦྱིན་བདག་མཁས་དབང་ཡུའི་ནོ་སྒུག་སར་བསྐྱོད་པས། ཉིན་ཞིག་མཁས་དབང་ཡུའི་ནོའི་སློབ་མ་ཨ་ཀི་ཏ་ཞེས་པའི་ཁྱིའི་རིགས་ལ་ཞིབ་འཇུག་པ་གསར་པ་ཞིག་ཡོད་པ་དེས་མེ་འཁོར་བབ་ཚུགས་སུ་ཧ་ཆི་ཀོ་མཐོང་ནས་རྗེས་དེད་བྱས་པས་མཐར་མཁས་དབང་ཡུའི་ནོའི་མེ་ཏོག་གཡོག་བྱེད་མཁན་ཞིག་གི་ནང་དུ་འབྱོར་ནས་ཁོང་གི་ས་ནས་ཧ་ཆི་ཀོའི་ལོ་རྒྱུས་ཆ་ཚང་ཤེས་པས། དེ་ནས་མི་རིང་བར་སློབ་མ་དེ་ཨ་ཀི་ཏའི་ཁྱི་རིགས་གྲངས་བཤེར་ཞེས་པའི་ཡིག་ཆ་ཞིག་དཔར་སྐྲུན་བྱས། 《དེབ་དེ་ནང་ཧ་ཆི་ཀོ་ཐེབས་པའི་ཨ་ཀི་ཏ་ཞེས་པའི་ཁྱིའི་རིགས་གཙང་མར་ལྷག་ཡོད་པ་༣༠ ཙམ་ལས་མེད་ཟེར། 》 དེ་ནས་ཁོང་གི་ཡང་བསྐྱར་ཁྱི་དེའི་སར་ཕེབས་ནས་དཔེ་ཟླ་མེད་པའི་ཧ་ཆི་ཀོ་ཞེས་པའི་རྩོམ་ཡིག་འགའ་ཤས་སྤེལ་བ་ལས། རྩོམ་ཡིག་གཅིག་ཉི་ཧོང་གི་ཚགས་ཤོག་གྲགས་ཅན་Asahi Shimbunཞོགས་པའི་ཉི་མ་ཞེས་པ་དེའི་ནང་འཁོད་པ་ལས། ཧ་ཆི་ཀོ་ནི་རྒྱལ་ཁབ་ཀྱི་འཚོ་བའི་ནང་དུ་ཚུད་ཅིང་དགེ་རྒན་དང་ཕ་མ་ཚོས་རྒྱུན་དུ་ཕྲུག་གུ་ཚོར་ཧ་ཆི་ཀོའི་ལོ་རྒྱུས་ལ་སྦྱར་ནས་བསླབ་བྱ་གནང་གི་ཡོད།
༡༩༣༥ ཟླ་བ་ ༣ ཚེས་ ༨ ཀྱི་ཉིན་ཤི་བྷུ་ཡའི་རྒྱ་ལམ་སྟེང་ཧ་ཆི་ཀོ་འཇིག་རྟེན་འདི་དང་ཁ་བྲལ་ཡོད་ཅིང་། ཕུང་པོར་བརྟག་དཔྱད་བྱེད་པའི་དུས་སྙིང་ལ་ནད་ཕོག་ཡོད་པ་དང་། གྲོད་ཁོག་ནང་བྱ་ཤ་སྐྲག་པ་གསུམ་བཞི་ཡོད་འདུག
༡༩༣༤ ཟླ་བ་༤ པའི་ནང་མེ་འཁོར་བབ་ཚུགས་དེར་ཧ་ཆི་ཀོའི་འདྲ་བརྙན་ཞིག་ཟངས་ལས་བཟོས་ཡོད་ཅིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདྲ་བརྙན་དེ་ཞིག་པ་ལས། སླར་ཡང་༡༩༤༨ ཟླ་བ་༨ པའི་ནང་སྔོན་མའི་འདྲ་བརྙན་བཞེངས་མཁན་དེའི་བུས་འདྲ་བརྙན་གཉིས་པ་དེ་བཞེངས་པ་རེད། དེས་ན་དེང་སང་ཉི་ཧོང་གི་ཤི་བྷུ་ཡ་མེ་འཁོར་བབ་ཚུགས་སུ་འཐོན་སྒོ་ལྔ་ཡོད་པ་ལས་གཅིག་ལ་ཧ་ཆི་ཀོ་གྷུ་ཆི་ Hachiko exit སྟེ་ཧ་ཆི་ཀོ་འཐོན་སྒོ་ཞེས་བཏགས་ཡོད།།

2010-12-14

འདྲ་དཔར་གློག་བརྙན།

མི་ཚེ།



རྙེད་དཀའ་འཇིག་སླ་ཉ་མོས་ཟས་དང་འདྲ།
ཚུལ་འདི་བསམས་ནས་ཉིན་རེའི་དུས་ཚོད་ཀུན།
ཡིད་བཞིན་ནོར་བུ་ལས་ལྷག་རྟོགས་གྱུར་ནས།
ཉིན་མཚན་ཀུན་ཏུ་རྣམ་གཡེང་སྤོང་བ་དགོས།

2010-12-05

ཁྱི་ཡིས་ཀྱང་ནི་མི་སྐད་སྨྲ

བརྩོན་འགྲུས་ལྡན་པས་ཐབས་སྤྱད་ན། །ཁྱི་ཡིས་ཀྱང་ནི་མི་སྐད་སྨྲ།།


ནང་དོན་མི་ཤེས་ཚིག་ཙམ་ལ། །སྦྱངས་པ་བྱས་ན་དེ་དང་འདྲ།།

2010-12-01

iPhone iTouch iPad སོགས་ཀྱི་ནང་བོད་ཡིག་འཇུག་ཚུལ།

ཁྱེད་རྣམ་པར་ iphone དང་ ipad་དང་ ipod touch སོགས་ཡོད་པ་ཡིན་ན། དེའི་ནང་གི་གཉེན་ཆས་དེ་ དེང་སང་གསར་དུ་འཐོན་པའི་གཉེན་ཆས་ ios 4.2.1 ཞེས་པ་དེ་དང་གོ་ས་བརྗེ་དགོས། གོ་ས་བརྗེ་སྟངས་ནི་ཁྱེད་ཀྱི་ipad ལྟ་བུ་དེ་གློག་གླད་ནང་གི་ iTUNE ཞེས་པའི་གཉེན་ཆས་འཐུད་རྗེས། iTune (iTune 10.1.0.56 ཡན་ཆད་དགོས་འདུག ) ནང་གི་DEVICES ཞེས་པའི་མིང་འོག་སོ་སོའི་iPad སྟེང་བསྣུན་ནས་Summary ཞེས་པའི་ནང་ཕེབས་ནས་ check for update འམ་ Install new vesion བསྣུན་ནས་ipad གྱི་གཉེན་ཆས་གསར་པ་བླུགས་གནང་དགོས་འདུག དེ་ལྟར་བླུགས་པའི་དུས་ཡུན་ནི་དྲ་མགྱོགས་ལོས་ལས་ཚོུད་དྲུག་ཡས་མན་འགོར་སྲིད།

དེ་ལྟར་གྲུབ་རྗེས་ཉིད་ཀྱི་iPad སྒོ་ཕྱེ་ནས་setting ནང་ཕེབས། དེ་ནས་ general ནང་ཕེབས། དེ་ནས་keyboad ནང་ཕེབས། དེ་ནས་ international keyboad ནང་ཕེབས། དེ་ནས་add new keyboad ནང་ཕེབས། དེ་ནས་tibetan ནང་ཕེབས་ནས་བོད་ཡིག་གི་ཐེབས་གཞོང་གསུམ་པོ་གང་ཡང་གཅིག་འདེམ་དགོས།

2010-11-25

༢༠༡༠ ལོའི་ mind and life བགྲོ་གླེང་སུ་བཅར་བ།



༼ཉིན་དང་པོར་ཚོགས་འདུར་བསྐྱོད་པ།༽
འདི་ཟླའི་ཚེས་༢༡ ཀྱི་སྔ་དྲོ་སྔ་ལངས་རྒྱབ་ནས་གྲང་བསིལ་བསིལ་གྱི་ལྡི་ལིའི་མཁའ་རླུང་འགམ་བཞིན་ཐོག་སེར་ཅན་གྱི་གླ་འཁོར་ཞིག་གླས་ནས་ལོ་ཌི་ལམ་གྱི་Lodi road ཕྱོགས་སུ་བསྐྱོད། རྣ་བར་ཁ་ལོ་བས་བརྗོད་པའི་གྷར་སིངྒ་གི་ཡོན་ཏན་བཙན་གཤེད་བྱེད་བྱེད་ཁར་ཁོའི་དད་སེམས་ཀྱི་སྟོབས་ཤུགས་མཐོང་། ངས་ཁོ་པར་དོན་གྱི་མདོག་ཁ་སྒྲིལ་ནས་དཀོན་མཆོག་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་མེད་ཇི་ལྟར་ཡང་དུས་རྒྱུན་གྱི་མི་ཚེ་ཞི་བདེ་བཟང་སྤྱོད་ཀྱིས་བསྐྱལ་ན་དོན་སྙིང་ལྡན་པའི་བསླབ་བྱ་བྱས། ངས་India International Conference Centre ལ་བབ། 'ང་ཚོའི་འདིར་སེམས་དང་སྲོག་ཟེར་བའི་ཚོགས་འདུ་གང་ཡང་མི་འདུག' ཅེས་སྣེ་ལེན་པས་ཟེར་དུས་གཞི་ནས་ང་རང་འགྲོ་ས་ནོར་བའི་དོགས་པ་བྱུང་ནས་ཁ་པར་གཏོང་དུས། ཚོགས་འདུ་ཚོགས་ས་དེ་India Habbitat Centre ལ་རེད་ཟེར།

༼༸གོང་ས་མཆོག་གི་གསུང་ཟིན་བྲིས་སུ་བཏབ་པ། ༽
བགྲོ་གླེང་དངོས་གཞི་འཚོགས་སོང་། ༸གོང་ས་མཆོག་གིས་ " ངོས་ཆུང་དུས་ནས་ཚན་རིག་པ་ཚོའི་ས་ནས་མང་པོ་ཞིག་ཤེས་འདོད་ཀྱི་འབྲེལ་བ་བྱས་པ་ཡིན།" "ན་ལེནྡའི་མཁས་པ་ཚོས་ཀྱང་བརྟག་དཔྱད་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་པ་དཔེར་ན། བསྟན་ཆོས་ཀྱི་དབུར་དགོས་སོགས་ཆོས་བཞི་༼དགོངས་འགྲེལ་ངག༽བཀོད་པ་དེས་ཤེས་ཐུབ། དེས་དང་ཐོག་ནས་གང་བཤད་ཀྱི་རྗེས་སུ་འཇུག་མི་དགོས་པར་བརྟག་དཔྱད་བྱ་རྒྱུའི་རང་དབང་ཡོད་པ་སྟོན་པ་ཡིན" "ད་ལྟ་བར་ཚན་རིག་པས་ཕྱིའི་དངོས་པོར་བལྟས་པ་ཙམ་ལས་ནང་གི་ངོ་བོ་ལ་དཔྱད་མེད། ད་ཆ་ནང་གི་རང་བཞིན་ལ་བསམ་མནོ་གཏོང་བཞིན་པ་དེར་ང་ཞེ་དྲག་དགའ་པོ་བྱུང་།" "འོན་ཀྱང་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ནང་གྱི་སེམས་བརྒྱུད་ལ་བྱམས་བརྩེ་ཡོང་ཐབས་ཆོས་ལུགས་པ་ཚོས་བྱས་ཡོད། ཕྱིའི་དངོས་པོ་ཡར་རྒྱས་ཇི་ཙམ་ཕྱིན་ཀྱང་ནང་སེམས་ལ་བྱམས་བརྩེ་མེད་ན་གོ་ལོག་ཞེ་དྲག་རྩེ་རྒྱུའི་ཉེན་ཁ་ཡོད།" "ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཟེར་བ་དེ་མི་འགྲིགས་པ་རེད། ནང་ཆོས་ནི་ནང་རྐྱང་པའི་བྱ་རྒྱུ་ཞིག་ཡིན་པས། དེ་ལས་གཞི་དངོས་པོའི་གནས་ཚུལ་ལ་དཔྱད་པ་ནང་པའི་གཞུང་ནས་བྱུང་བ་དེར་ནང་ཆོས་ཀྱི་ཚན་རིག་ཟེར་དགོས་ཀྱི་ཡོད། དེ་བཞིན་དུ་ཧིན་དྷུ་དང་ཇིན་སོགས་ནས་ཀྱང་ཚོགས་འདུ་འདིར་ཞུགས་དུས་ཆོས་ཕྱོགས་ཀྱི་སྐོར་དེ་དག་ཟུར་དུ་བཞག་ནས་གླེང་རོགས།" "འདིར་ང་ཚོས་ཆོས་ཕྱོགས་ལ་ཚན་རིག་གི་རྒྱབ་རྟེན་འཚོལ་བ་དེ་འདྲ་མིན། ཚན་རིག་མ་བྱུང་གོང་ནས་རང་ཆོས་ལུགས་ཚོ་འཚོ་གནས་བྱེད་ཀྱི་ཡོད།"

༼བགྲོ་གླེང་ཉིན་གསུམ་གྱི་རིང་ཐོས་པ།༽
རྒྱ་གར་ལྷོ་ཕྱོགས་མ་ཌ་ར་སིའི་མཁས་དབང་ཧིན་དྷུ་བླ་མ་སོ་མེན་་་ཨཊ་ན་པྲི་ཡ་ཨ་ནན་དྷ་swami Atnapriyananda ཡིས་དཔེར་མཚན་ཤིན་ཏུ་མང་པོ་དང་སྦྲགས་ནས་གསུང་བཤད་གནང་། དེ་ཡང་ཁོང་གིས་བདག་གི་ཤིང་རྟའི་ནང་གི་མི་དང་ཕུང་པོ་ནི་ཤིང་རྟ་དང་བྷོ་དྷི་ནི་འདྲེན་མཁན་ལྟ་བུ་ཡིན། གལ་ཏེ་ཤིང་རྟ་འདྲེན་མཁན་མ་སྦྱངས་པའམ་དམུ་རྒོད་དེ་འདྲ་ཡིན་ན་ཤིང་རྟ་དེ་མགྱོགས་མྱུར་འཇིག་རྒྱུའི་ཉེན་ཁ་ཡོད་པ་གསུངས། ཡང་ཁོང་གིས་རྒྱ་གར་གྱི་ནང་དུ་ར་མ་ཀ་རི་ཤི་Rama Krishna ཞུ་བ་ཞིག་གིས་དབུགས་འབྱུང་བརྔུབས་གང་ཡང་མེད་པར་ཟླ་བ་དྲུག་མཉམ་པར་བཞག་པའི་སྐོར་གསུངས། གཅེར་བུ་པའམ་ཇིན་Jain གྱི་རབ་བྱུང་སློབ་དཔོན་མུ་ཎི་་མ་ཧེན་དྷར་ཀུ་མར་Muni Mahendra kumar ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་སྐྱེ་སྟངས་ངེད་ཅག་ནང་པས་བརྗོད་པ་དེ་འདྲ་པོ་ཞིག་གསུང་རྒྱུ་འདུག་ཞིང་། ཡང་ཁོང་གིས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་ཞུགས་པས་དམིགས་པའི་རྟིང་ཕུགས་ཐུབ་པའི་དཔེར་ཆེ་ཤེལ་གྱིས་ཉི་མའི་འོད་ཟེར་གཅིག་ཏུ་བསྡུས་ནས་དངོས་པོ་སྲེག་པ་དང་། དེ་བཞིན་ལེ་སར་Laserགྱི་བྱ་བ་བྱེད་སྟངས་ཀྱི་སྐོར་ལྟ་བུ་ཡིད་ལ་འཐད་པོ་དེ་འདྲ་གསུངས།

༼བགྲོ་གླེང་གི་བར་གསེང་སྐབས་ཐོས་པའི་ཕྱི་རོལ་བྱེ་བྲག་པའི་སྐོར།༽
བྱེ་བྲག་པའི་ལྟ་ཚུལ་ལ། སྤྱིར་བཏང་གི་སྐྱེས་བུ་ཚོས་བདེན་པ་དང་བློ་དང་བདེ་བ་བྱ་དངོས་པོ་གསུམ་ངོས་གཟུང་མ་ཐུབ་པར་དེ་དག་གིས་འཁྲུལ་པར་བྱས་ནས་འཁྲུལ་སྣང་མཐའ་དག་འབྱུང་གི་ཡོད་པར་འདོད་ཅིང་། གལ་ཏེ་རང་ཉིད་ཀྱི་སྣང་བ་མཐའ་དག་བཀག་ནས་ཅི་ཡང་ཡིད་པ་མ་བྱས་པར་བསྡད་ན་རྣམ་རྟོག་རྣམས་ལྡོག་ནས་རིམ་པས་གོང་གསལ་གནས་ལུགས་གསུམ་པོ་དེ་དག་མཐོང་བས་ཐར་པ་ཐོབ་པར་འགྱུར་པ་ཡིན་པར་འདོད། དེ་ཡང་གཙོ་བོ་བླ་མར་རྩེ་གཅིག་པའི་དད་པ་བྱས་ན་ངང་ཤུགས་ཀྱི་མཐོང་བའི་ཚུལ་བཤད་ཚུལ་ཡོད་པ་འདྲ།

༼བགྲོ་གླེང་གི་མཇུག་བསྡུ༽

༸གོང་ས་མཆོག་གིས་་་། ད་ལན་ང་ཚོ་འདིར་ཆོས་ལུགས་ཀྱི་ཁྲོམ་ར་ཆེན་པོ་ཞིག་ཏུ་འཛོམས་པ་ལྟ་བུ་བྱུང་སོང་། ༼མི་ཚང་མ་བགད།༽ ཚང་མས་ངོ་སྤྲོད་འགྲེལ་བརྗོད་ཧ་ལས་པ་ཡག་པོ་རྒྱབ་སོང་། ཐུགས་རྗེ་ཆེ། ཞེས་གསུངས་ནས། དེར་ཡོད་ཀྱི་ཆོས་ཚན་གྱི་བཀའ་བགྲོ་བ་ཚོར་ལེགས་འབུལ་མཇལ་དར་གནང་ཞིང་སྐུ་དཔར་ལྷན་དུ་བསྒྲོན་གནང་མཛད། དེ་ཚེ་སྐྱེ་བོ་ཀུན་ཡིད་པ་བེད་དེ་འཕྲོག་ཞིང་དད་པའི་མཆི་མ་བརྡོལ། དཔར་ཆས་ཀྱི་གློག་འོད་གང་ས་ནས་སྐར་ཚོགས་ལྟར་འཕྲོག ཧིན་དྷུ་དང་ཇེན་གྱི་ཆོས་དཔོན་ཚོས་གོང་ས་མཆོག་ལ་གུས་བཏུས་ཞུས། སྐལ་ལྡན་ལས་འཕྲོ་ཅན་འགས་༸གོང་ས་མཆོག་གི་ཞབས་ལ་ཐོད་པ་གཏུགས། ༸གོང་ས་མཆོག་ནི་འཕགས་སྤྱན་རས་ཀྱི་རྣམ་སྤྲུལ་ངོ་མ་ཡིན་དུས་སེམས་ཅན་ལ་ཉེ་རིང་དང་མཐོ་དམན་ཟོལ་བསྟོད་ཁྱད་གསོད་མེད་པར་ཐ་ན་རྒྱ་གར་བའི་རྨོ་བོ་ཞིག་ལག་ཕྱག་གི་འདེགས་ནས་དབུ་ཐོད་སྦྱར་ནས་སྨོན་ལམ་བཀྱོན། རྣམ་དཔྱོད་ཅན་གྱི་སྐྱེ་བོ་ཀུན་ཡིད་དབང་འཕྲོག་ནས་རབ་ཏུ་དད་པ་འདོན་མི་ཟ།
ཁོ་བོས་ཚོགས་འདུ་གྲོལ་མཚམས་ཕྱི་རོལ་དུ་སོང་། དེར་རྒྱ་གར་ལྷོ་ཕྱོགས་ཀྱི་ཨ་ལྕག་གོན་པ་ལེགས་པོ་གྱོན་པ་ཞིག་ཕྲད། མོས་ཁོ་བོར་འདི་ལྟར་བརྗོད། "༸གོང་ས་མཆོག་དང་ཐག་ཉེ་ནས་མཇལ་བ་ད་ཐེངས་དང་པོ་ཡིན། དངོས་ཁོང་མཇལ་དུས་སེམས་ལ་རང་བཞིན་བདེ་སྐྱིད་ཡོང་གི་འདུག" ཟེར།

ཕྱི་ལོ་༢༠༡༠་ཟླ་བ་༡༡་པའི་ཚེས་༢༥་ཉིན་བྷེང་ལོར་ནས་ཧོབ་ལིར་བསྐྱོད་པའི་མེ་འཁོར་ནང་ཟིན་བྲིས་ཤོག་བུ་དག་ལ་བལྟས་ནས་བྲིས།

2010-11-18

ཧོ་ལནྜེ་གནམ་ཐང་དུ།

དུས་ཀྱི་འཁོར་ལོའི་བགྲོས་པ་མྱུར་བས་སྐད་ཅིག་ཉིད་ཟླ་གཅིག་སོང་།།
གུང་སེང་འདྲ་བའི་གོ་སྐབས་ཟད་དེ་ལྕགས་ཀྱི་གནམ་གྲུར་རང་འགུལ་འཛུལ།།
རྨིས་ལམ་གཅིག་གི་ཡུན་ཚོད་ཙམ་ལ་ཧོ་ལན་ཌེ་ཡི་གནམ་ཐང་དུ།།
ཧམ་གྱི་ཐིལ་དང་འགྲུད་སྒམ་འཁོར་ལོ་ས་ལ་མ་བཞག་ཐབས་མེད་བྱུང་།།

ཨེམ་སེ་ཌེ་ཌེམ་གནམ་ཐང་དེ་ཡི་རྒྱ་ཁྱོན་ཇི་ཡོད་མི་ཤེས་ཀྱང་།།
ལམ་ཞུགས་འགྲུལ་པའི་ཁྱུ་ཚོགས་དེ་ཡིས་ཡིད་ཀྱི་རྨུགས་པ་དེ་མུར་བསལ།།
དཔྱ་ཁྲལ་བྲལ་པའི་ཚོང་རྫས་དེ་ཚོའི་གོང་ཚད་དེ་ཚོར་བལྟས་པའི་རྗེས།།
ཡུ་རོ་བཞི་བཅུའི་ཁེངས་པ་ལྡན་པའི་བདག་གི་འབག་ཁུག་རུམ་དུ་བྲོས།།

འོན་ཀྱང་དྲི་ངེད་སིལ་སིལ་ལྡང་པའི་འཕྱུར་བ་དེ་ཚོར་བལྟས་པས་ན།།
ཡུལ་ལུང་དེ་ཡིས་ཁྱད་ནོར་ཡིན་པ་མི་ཤེས་སྐྱེ་བོ་སུ་ཞིག་ཡོད།།
ཉོ་འདོད་བློ་ཡི་ལྕགས་ཀྱུ་བརྐྱངས་ནས་འབག་ཁུག་ཁོ་པ་ཡར་འཐེན་ཀྱང་།།
ལྡི་ལིའི་ཚ་བའི་བཙན་གཤེད་དྲན་ནས་བྱམས་པའི་བློ་ཡིས་འཕྱུར་བ་གློད།།

སྒུག་པའི་མགྲོན་པོ་སླེབས་པར་དཀའ་བཞིན་སྒུག་པའི་དུས་ཚོད་བགྲོད་པར་དཀའ།།
ལྡི་ལིར་བསྐྱོད་པའི་གནམ་གྲུ་སྒུག་ནས་འཁྱགས་པའི་ཇ་དེ་ཡང་རྫོགས་ལ་ཉེ།།
གློག་ཀླད་སྒོ་མོ་དལ་གྱིས་ཕྱེ་ནས་དྲིས་པའི་ཚིག་བཅད་དེ་ཚོ་ཡང་།།
རིང་མིན་རྒྱལ་ས་ལྡི་ལིར་འབྱོར་མཚམས་ལྷུགས་པོར་བདག་གི་བརྗོད་པ་ལྷོད།།

ཕྱི་ལོ་༢༠༡༠་ཟླ་བ་༡༡་པའི་ཚེས་༡༧ཉིན་ཧོ་ལེནྜའི་གནམ་ཐང་དུ་བྲིས།

2010-11-01

ཁྲིམ་རའི་ནང་ཕྱིན་པའི་ཉིན་ཐོ།

རེ་འདོད་བློ་ཡི་སྒོར་མོའི་ནོར་ཁྱེར་ནས།།
རིན་ཐང་རྒྱན་གྱིས་སྤུད་པའི་ཁྲོམ་རའི་ནང་།།
ཡོད་ཚད་མིག་གིས་བལྟས་པའི་ཆོས་ལུགས་ལ།།
ད་ཆ་ཡིད་ཐང་ཆད་ལ་ཁད་དུ་གྱུར།།

ཡིད་བཅུགས་ཀྱི་ངའི་ཁྱི་གུ་ཆུང་ཆུང་།




ཁོ་བོས་ཕྱོགས་སྒྲིག་དང་བརྙན་དཔར་བླངས།

2010-10-27

དོགས་པ།

རྣམ་དཔྱོད་ནོར་དང་འབྲལ་བའི་གཅེར་པུའི་བུ།།
རྣམ་འགྱུར་སྤྲོས་པ་རྒྱས་པའི་ཡུལ་འདི་ན།།
རྣམ་དག་བསམ་པ་ཅན་གྱི་གྲོགས་པོ་ཞིག།
རྣམ་པར་བཙལ་ཀྱང་རྙེད་པར་དཀའ་སྙམ་དོགས།།

གྲོགས་པོས་གྲོགས་པོ་སླུད་པའི་གཏམ་མང་ཀྱང་།།
གྲོགས་པོ་བློས་ཐུབ་དག་གི་སླུད་པ་ཉུང་།།
གྲོགས་མེད་ཁེར་རྐྱང་རྒྱུ་བའི་མི་ང་ལ།།
གྲོགས་ཀྱིས་སླུད་པའི་དོགས་པ་འདིར་མ་མཆིས།།

2010-10-13

ཀིང་ཕི་ཤར་Kingfisher IT ༠༣༠༧

༢༠༡༠། ༡༠། ༠༩།



ད་རངས་ཀྱི་ཉི་གཞོན་དང་ལྷན་དུ་ལང་བཞིན་མདང་དགོང་ཀྱི་ནམ་ཕྱེད་དུ་བསྡུ་ཆས་བྱས་པའི་ཁ་མ་བརྒྱབ་པའི་སྒམ་གཉིས་ཀྱི་ནང་ཨ་ཅོ་དང་ཡེག་རྩི་དང་སོ་སྨན་དང་སེན་བཏུབ་སོགས་བླུགས་ནས་མཆོད་ཁང་ནང་གི་སྐུ་གསུང་ཐུགས་རྟེན་དྲུང་སྨོན་ལམ་འདེབས་ཞོར་པོད་གཉིས་ལ་མེ་ལྕེ་བསྒྲོན་ཞིང་ཁ་ནས་གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར་ཞེས་འདོན་མ་ཐག་སྒོ་ཁར་གླ་འཁོར་གྱི་མོ་ཊ་འབྱོར་བའི་བརྡར་སྤིབ་སྤིབ་ཞེས་བསྒྲགས།


ངས་རླུང་ལྟར་མྱུར་བའི་གླ་འཁོར་དེར་བསྡད་རྗེས་ཅ་ལག་ལ་མིག་གཤེར་ཞིག་རྒྱག་གིན་ད་འགྲོ་ཟེར་མ་ཐག་ཚོུད་གཅིག་དང་ཕྱེད་ཀའི་ཐོག་གཞི་རྒྱ་ཆུང་བའི་འདི་ཁུལ་གྱི་གནམ་ཐང་ཀྱི་ཉེན་སྲུང་བའི་རྐང་གྲམས་སུ་སླེབས།

ལྕགས་ཀྱི་རླུང་འཁོར་དམར་རྗེན་དུ་འཐོན་ནའང་མིང་གྲགས་ལྡན་པའི་ཀིང་ཕི་ཤར་kingfisherགྱི་མཚོན་རྟགས་ཀྱིས་རྒྱན་ཡོད་དུས་དངངས་སྐྲག་གི་སྙིང་ཁམས་འཕར་ལྡིང་དེ་ཙམ་མེད་པར་ཤར་མར་དེ་ནང་དུ་ཞུགས།

མཁའ་དབྱིངས་ཀྱི་གནམ་གཤིས་དེ་འདྲའི་དྭངས་མ་མེད་དུས་སྒེའུ་ཁུང་ནས་ས་སྟེང་ཀྱི་མཛེས་སྡུག་གསལ་གསལ་དུ་མི་རིག་པའི་མུར་གང་མཚམས་ནས་ནག་འདིང་འདིང་གི་རྒྱ་མཚོ་མཐོང་གིན་མཐོང་གིན་ཁང་བརྩེགས་ཅན་གྱི་གྲོང་ཁྱེར་ཇི་གསལ་ཇི་གསལ་ལ་མམ་བྷེ་Mumbaiགནམ་ཐང་དུ་འབབ།

མམ་བྷེ་གནམ་ཐང་། ར་ས་ཕོ་ཉས་དཔར།


བྱ་ཚང་དུ་མའི་ཁེངས་པའི་ཤིང་ལྡོང་ཞིག་དང་འདྲ་བར་མམ་བྷེ་གནམ་ཐང་དུ་གནམ་གྲུའི་བྱ་ཚོགས་ཀྱི་ཁེངས་འདུག་ཞིང་གནམ་གྲུ་དེ་དག་གི་མིང་ཡང་འདྲ་མིན་སྣ་ཚོགས་པ་དཔེར་ན་གྷོ་ཨི་ཡར་Go air སེ་པེ་སེ་ཇེཊ་Spice jet རྒྱ་གར་གནམ་གྲུ་Air India ཇེཊ་གནམ་གྲུ་Jet Airlineསོགས་རེད།

ཚོུད་༢་༣༠ཐོག་འཐོན་མཁན་གནམ་གྲུ་རྒྱུན་ལྡན་འབྱུང་བཞིན་པའི་རྒྱ་གར་བའི་སྲོལ་ལུགས་བཞིན་ཚོུད་༥་༤༠བར་ཕྱིར་འགྱངས་བྱས་པའི་གནས་སྟངས་འོག་མམ་བྷེ་ཆ་ཏ་ར་་་པ་ཏི་་ཤི་བ་ཇི་chhatrapari shivaji གནམ་ཐང་དུ་ཚུ་ཚོད་ལྔ་ཙམ་ཉུལ་བའི་རིང་དེར་ཡོད་ཀྱི་ཚོང་ཁང་དང་ཟ་ཁང་བགྲང་བཞིན་པོ་ལོ་ཁོ་ལོས་བརྕམས་པའི་ཨེཁ་མེ་སེཊ་Atchemistཞེས་པའི་བརྩམས་སྒྲུང་གྲགས་ཅན་དེ་ཉོས།

ད་ལྟ་ནི་ངའི་མདུན་ལྕོག་སྟེང་ཆུ་གྲང་མོ་Diet Pepsi གཅིག སྒྲུང་དེབ་གཅིག ལྟོ་ཕད་གཅིག ཉིན་དེབ་གཅིག ཞ་སྨྱུག་གཅིག ཡང་དེ་གའི་འགྱངས་སྟེང་དུ་ཡོད་པའི་གློག་འཐེན་ས་གསུམ། སྤར་ས་གཉིས་བཅས་རེད། གློག་འཐེན་ས་གསུམ་པོ་དེས་ངས་དོ་པོའི་ནང་བཏང་ཟིན་པའི་གློག་ཀླད་དེ་ཡང་ཡང་དྲན་དུ་འཇུག་གི་འདུག འོན་ཀྱང་གནམ་ཐང་དུ་སྤྱི་སྤྱོད་དྲ་འདྲེན་ཉིན་གསུམ་རིང་བཀག་འདུག་པས་ཅུང་ཟད་ལྷོད་དུ་ཕབ། ཡ་་། ཕ་གིར་་གནམ་གྲུ་གཅིག་ད་ལྟ་རང་ཕུར་སོང་། ད་བྲིས་མཚམས་བཞག་ནས་ལྡི་ལིར་བསྐྱོད་པའི་གནམ་གྲུའི་རྒྱལ་སྒོ་འཚོལ་དུ་འགྲོ A9 རེད་ཟེར།

2010-08-08

མིང་བྲི་མི་ཤེས།

༄༅། །བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
ཁོ་བོ་རང་ལོ་དྲུག་ལ་སོན་པ་ཙམ་ནས་གོང་གི་ཚིག་དེས་ཆེས་ཐོག་མའི་ངག་སྒོ་དེ་ཕྱེ་ནས་དོན་སྙིང་ལྡན་པའི་མི་ཚེ་དེ་ཉིན་རེ་བཞིན་བསྐྱལ་འགོ་བཙུགས་པ་ཡིན། དེ་ཡང་སྤྱིར་སོ་སོའི་བླ་མ་ཟེར་དུས་སོ་སོའི་དགེ་རྒན་དང་ཡང་སྒོས་མཆོད་གཤོམ་གྱི་ནང་གྱི་རྗེ་རིན་པོ་ཆེར་ངས་གོ་བ་ལེན་གྱི་ཡོད་ལ། འཇམ་པའི་དབྱངས་ནི་གཞོན་ནུ་མ་འདྲ་པོའི་མཛེས་པོ་ཡོད་པའི་ལྷ་མཆོག་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེ་ལྟར་དེ་ལྟར་བསམ་བཞིན་རིམ་པས་ངས་འགོ་སྐྱབས་འགྲོ་ནས་བརྩམས་ཏེ་དཔེ་ཆ་བློར་འཛིན་དང་ཡི་གེ་བྲིས་སྦྱོང་བྱས་པའི་མ་ཟད། ནར་སོན་དུས་མཚན་ཉིད་ཀྱི་དཔེ་ཆར་སྦྱངས་པ་བྱས་པས། རྗེ་བློ་བཟང་གྲགས་པའི་གཞུང་ལ་ཐོས་བསམ་གང་རྒྱས་བྱུང་བའི་མ་ཟད། རིམ་བཞིན་དགེ་ལྡན་ལུགས་བཟང་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་སྟེ་ཡོངས་གྲགས་སུ་དགེ་ལུགས་རྒྱུ་སྤྲོད་བྱ་བར་ཞུགས་པའི་གོ་སྐལ་བཟང་པོ་ཐོབ་པས་ད་ཆར་དགེ་བཤེས་ལྷ་རམས་པའི་མིང་གི་ཞྭ་བརྗིད་པོ་དེ་གོན་ལ་ཉེ། ད་ལྟ་དཔེ་བཞག་ལ་ད་གིན་ཚོུད་༩་༠༠་ནས་༠༡་༠༠བར་ཚོུད་བཞིའི་རིང་བསྟུན་མོར་དཔེ་ཀློག་བྱས་པས་ད་ཆ་ཅུང་ཟད་ངལ་བཞིན་འདུག་ནའང་། དེ་ནི་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་མཁན་ཞིག་ལ་རྒྱུན་ལྡན་གྱི་འཚོ་བ་ཞིག་ལས་གང་མེད། དགེ་ལུགས་རྒྱུགས་སྤྲོད་ནི་གཟབ་ལ་བརྗིད་པ། དཔག་པར་དཀའ་བ། དམུ་རྒོད་འདུལ་བའི་ལྕགས་ཀྱུ། དཔྱོད་ལྡན་དར་བའི་དོ་ར་ལྟ་བུ་ཞིག་ཡིན། དེས་ནས་ངས་རགས་ཙམ་བརྗོད་ན།
༢༠༡༠། ༨།༨། ཉིན་བྲིས།

2010-08-03

ནེ་ཙོ་ཆུང་ཆུང་།

ར་ས་ཕོ་ཉས་དཔར་བླངས།

2010-06-30

ཨཕ་རི་ཀ 2010 world cup


ཌེ་ཝིཌ་་་་ཝི་ལ། ཨསེ་པིན་དང་སྤོར་ཅུ་གྷ་རྩེ་དུས་ཁོའི་གྷོལ་བཞི་པ་དེ་བླུགས་པ།

ཉིས་སྟོང་བཅུ་ལོའི་རྐེད་ཙམ་དུ།།
ཨཕ་རི་ཀ་ཡི་ལྷོ་ཕྱོགས་ན།།
མི་མང་བྱེ་བ་འདུས་པ་ལས།།
འཛམ་གླིང་རྐང་སྤོལ་འགྲན་ཚོགས་འཚོགས།།

ཨེ་སེ་པིན་དང་སྦར་འཛིལ་དང་།།
ཨར་ཇེན་ཊི་ན་འཇར་མ་ནི།།
ཧྥ་རེན་སི་དང་དབྱིན་ཇི་དང་།།
ཧོ་ལེནྜ་ཨི་ཊ་ལི་ལ་སོགས།།

རྐང་སྤོལ་མཁས་ཅན་འཛོམས་གྱུར་ནའང་།།
རིམ་གྱི་ལམ་ལྷོངས་མེད་སོང་ངམ།།
གང་ལྟར་ཨི་ཊ་ལི་དང་ནི།།
ཧྥ་རེན་སི་གཉིས་དང་པོར་བུད།།

བཅུ་དྲུག་བྱ་བའི་རྭ་བའི་ནང་།།
འབྱོར་གྲགས་དབྱིན་ལྡན་དབྱིན་ཇི་ཡི།།
རྩེས་འགྲན་པ་རྣམས་འགྱིར་གྱུར་ནའང་།།
འཇར་མན་ལགས་ནས་བདེ་བླག་བུད།།

དེ་ཚེ་རོོ་ཎི་གང་དུ་མཆིས།།
ཇེ་རཀ་གྲོགས་ཀྱིས་དབེན་གྱུར་ཏམ།།
ལེམ་པཊ་ར་རོས་བཟི་གྱུར་ཏམ།།
ཋེ་རི་གང་དུ་གཉིད་སོང་དོགས།།

ཤར་ཕྱོགས་ཨེ་ཤྱ་གླིང་ཆེན་ནས།།
རྒྱལ་ཁབ་གསུམ་ཙམ་ཚུད་ནའང་།།
བཅུ་དྲུག་རྭ་བར་ཉི་ཧོང་གིས།།
ཤིན་ཏུ་བེད་ཀྱང་དེ་ནས་རྫོགས།།

ད་བར་རྩེད་འགྲན་བྱས་པའི་ནང་།།
ཨར་ཇེན་ཊི་ན་བྷར་ཛིལ་དང་།།
ཧོ་ལེནྜ་གསུམ་པོ་ཐོབ་ཀྱང་བྱས།།
འཇར་མན་སེ་པིན་མཁས་པར་གྲགས།།

དེ་བཞིན་ཡུ་རུ་གྷའི་དང་ནི།།
པ་ར་གྷའི་དང་གྷ་ན་བཅས།།
བརྒྱད་དག་ཟུར་བཞིའི་ཐ་མ་ཡི།།
རྩེད་འགྲན་རྭ་བར་ཚུད་པར་བྱས།།

མནངས་ནས་ཟུར་བཞིའི་ཐ་འགྲན་ནི།།
རྣོ་ངར་ལྡན་པར་ཚོགས་ངེས་ན།།
འདི་ནི་སུ་སུ་ཐོབ་ཤོར་ཐད།།
འདེངས་ཚོད་ཡོད་ན་མཆན་དུ་ཐོབས།།


ཟུར་བཞིའི་ཐ་འགྲན་མཛད་རིམ་གཤམ་གསལ།

༡༽རེས་གཟའ་པ་སངས་ཀྱི་རྩེད་འགྲན།
བྷར་ཛིལ་དང་ནི་དྷར་ལེནྜ། ༼ཧོ་ལེནྜ།༽ རྒྱ་གར་གྱི་ཚོུད། ༧་༣༠།
ཡུ་རུ་གྷའི་དང་གྷ་ན། རྒྱ་གར་གྱི་ཚོུད། ༡༢་༠༠།

༢༽ རེས་གཟའ་སྤེན་པའི་རྩེད་འགྲན།
ཨར་ཇེན་ཊི་ན་དང་འཇར་མ་ནི། རྒྱ་གར་གྱི་ཚོུད། ༧་༣༠།
ཨསེ་པིན་དང་པ་ར་གྷའི། རྒྱ་གར་གྱི་ཚོུད། ༡༢་༠༠།

2010-06-22

འཛམ་གླིང་རྐང་སྤོལ་ལ་བལྟ་བ།

འདི་ཟླའི་ཚེས་པ་༡༡ནས་འགོ་བཙུགས་ཀྱིས་འཛམ་གླིང་འདིའི་རྐང་སྤོལ་རྩེད་འགྲན་དུ་ཚུད་པའི་རྒྱལ་ཁབ་༣༢ཀྱིས་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་དང་། དེ་ཡང་སྡེ་ཚན་ཁག་བརྒྱད་དུ་བགོས་ནས་རྒྱལ་ཁབ་རེས་མ་མཐར་ཐེངས་གསུམ་རེ་རྩེད་འགྲན་བྱེད་ཀྱི་ཡོད། སྤྱི་ཚེས་༢༢བར་ཉིན་རེ་འགྲན་བསྡུར་ཐེངས་གསུམ་རེ་ཚོགས་ཀྱི་ཡོད་ལ་ཚེས་༢༢་ནས་ཉིན་རེར་ཐེངས་བཞི་རེ་ཚོགས་ཀྱི་ཡོད། ད་བར་རྩེད་འགྲན་བྱས་པ་ལས་སྡེ་ཚན་བརྒྱད་པོ་རེ་རེ་ནས་རྒྱལ་ཁ་ལེན་མཁན་རྒྱལ་ཁབ་གཉིས་རེ་ཐེངས་ཕྱི་མའི་བཅུ་དྲུག་རྭ་བ་བྱ་བ་དེ་ནང་ཚུད་ཀྱི་ཡོད་འདུག དེ་རིང་བར་རྩེད་འགྲན་བྱས་པ་ལས། སྡེ་ཚན་ཀ་པ་ནས་གཡུ་རུ་གྷ་ཡ་དང་མེཀ་སི་ཀོ་གཉིས་དང་། ཁ་པ་ནས་ཨར་ཇིན་ཊི་ན་དང་༼མང་གཙོ་༽ལྷོ་ཀོ་རི་ཡ་གཉིས་ཚུད་ཡོད་པ་དང་། ལྷོ་ཨཕ་རི་ཀ་དང་ཧྥ་རེན་སི་གཉིས་དང་གྷི་རི་སི་དང་ནི་ཇི་རི་ཡ་གཉིས་བུད་འདུག
དེ་དག་ལས་ཨར་ཇིན་ཊི་ན་ནི་འདི་ལོའི་ཕོར་པའི་རྟགས་མ་ལེན་རྒྱུའི་རེ་ཆེན་པོ་ཡོད་མཁན་ཞིག་ཡིན། སྐད་གྲགས་ཡོད་པའི་དབྱིན་ཇི་དང་ཇར་མ་ནི་དང་སེ་པིན་དང་ཨི་ཊ་ལི་བཅས་ནི་ད་དུང་བཅུ་དྲུག་རྭ་བ་བྱ་བའི་ཚུད་རྒྱུ་ཐག་ཆོད་མེད་པ་དང་བྷར་ཛིལ་དང་ནི་དྷར་ལེནྜ་༼ཧོ་ལེནྜ།༽ནི་བཅུ་དྲུག་རྭ་བའི་ནང་ཚུད་ཟིན་པ་ཡིན། བཅུ་དྲུག་རྭ་བ་ནི་འགྲན་བསྡུར་དང་པོའི་ནང་ནས་རྒྱལ་ཁ་ལེན་མཁན་གྱི་རྒྱལ་ཁབ་བཅུ་དྲུག་ཕན་ཚུན་བསྡུར་རྒྱུ་དེ་ཡིན་ལ། དེ་ནས་རྒྱལ་ཁབ་བརྒྱད་ཀྱིས་ཟུར་བཞིའི་ཐ་མའི་འགྲན་བསྡུར་དང་། དེ་ནས་རྒྱལ་ཁབ་བཞིས་ཕྱེད་ཐ་མའི་འགྲན་བསྡུར་གཉིས་དང་། དེ་ནས་ཨང་རིམ་གསུམ་པའི་འགྲན་བསྡུར་དང་། གོང་གི་ཕྱེད་ཐ་མའི་འགྲན་བསྡུར་བྱས་ནས་རྒྱལ་ཁ་ལེན་མཁན་གཉིས་ཀྱིས་ཟླ་བ་ཕྱི་མའི་ཚེས་༡༡ཉིན་ཐ་མའི་འགྲན་རྩེད་དེ་རྩེ་རྒྱུ་ཡིན་འདུག

དྲ་གྲགས་མང་པོ་ཞིག་ལ་བརྙན་འཕྲིན་བལྟ་ཁོམ་མེད་པར་སོང་རེ་ཞིག་རྐང་སྤོལ་བལྟ་རྒྱུའི་གོ་སྐབས་ཕྲ་བ་ལྟ་བུར་འགྱུར་ཀྱང་། གལ་ཏེ་གློག་ཀླད་ཐོག་དྲ་འདྲེན་གྱི་མྱུར་ཚོད་མགྱོགས་པོ་ཡོད་ན་འདི་ནས་རྐང་སྤོལ་ལྷོད་ལྷོད་ངང་ཐད་ཀར་གཟིགས་ཐུབ། http://atdhe.net/index.html

_48147559_maradona_smiles

2010-06-11

འཛམ་གླིང་རྐང་སྤོལ་གསེར་གྱི་རྟགས་མ་སུས་བསླང་རྒྱུ་ཡིན་ནམ།



དེ་རིང་ནས་འཛམ་གླིང་གི་རྐང་སྤོལ་འགྲན་བསྡུར་འཚོགས་རྒྱུ་ཡིན་ལ། མི་མང་པོ་ཞིག་གི་སེམས་སུ་སུས་ཐ་མའི་རྒྱལ་ཁ་ལེན་པ་དང་། གང་ཟག་སུ་ལ་གསེར་གྱི་ལྷམ་གོ་དེ་ཐོབ་རྒྱུ་ཡིན་ནམ་སྙམ་བཞིན་ཡོད། ད་་་་་ལྟའི་ཆར་ཉམས་ཞིབ་པ་མང་པོའི་ཐ་མའི་རྒྱལ་ཁ་ལེན་མཁན་དེ་སེ་པེན་Spainཡིན་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་སེ་པེན་གྱི་རྩེད་འགྲན་པ་མང་ཆེ་བ་སྐད་གྲགས་ཡོད་པའི་བྷར་སེ་ལོ་ན་bercelona རྐང་སྤོལ་ཚོགས་པ་དང་། རེལ་མེ་རིཊ་real maridདང་། ལི་ཝར་པུལ་liver poolཚོགས་པའི་རྩེད་འགྲན་པ་ཡིན་པ་དང། ལྷག་པར་དུ་ཁོང་ཚོའི་སློབ་ཁྲིད་པ་coachནི་ཕུལ་དུ་བྱུང་བ་ཡོད། འདས་མ་ཐག་པའི་ཁོང་ཚོའི་རྐང་སྤོལ་རྩེད་ཐེངས་༤༨ནང་གཅིག་རང་ལས་ཤོར་མེད་པ་དང་༤༥ཐོབ་པ་ཡིན། ༢༠༠༨ལོའི་ཡོ་རོབ་རྐང་སྤོལ་གྱི་རྒྱལ་ཁ་དེ་ཡང་ཁོང་ཚོས་འཁྱེར་བར་སོང་ད་ལོ་ལྷོ་ཨཕ་རི་ཀར་འཚོགས་པར་འགྱུར་བའི་འགྲན་བསྡུར་དེའི་ནང་སེ་པེན་ནི་ཐོབ་རྒྱུའི་རེ་བ་ཆེ་ཤོས་བྱ་ས་དེ་ཡིན། ཨར་ཇེན་ཊི་ནའི་གྲགས་ཅན་རྩེད་འགྲན་པ་མེ་སི་messiཡིས་ཀྱང་སེ་པེན་དང་བྷར་ཛིལ་དང་དབྱིན་ཇི་གསུམ་འདི་ལོར་སྟོབས་ཤུགས་ལྡན་པའི་ཕྱོགས་ལྡན་ཡོད་པར་བརྗོད་ཡོད།

དེས་ན་མཁས་པ་མང་པོས་ཡིད་ཆེས་དང་རེ་བ་བྱེད་བཞིན་པའི་རྒྱལ་ཁབ་ནི།
༡ སེ་པེན། Spain
༢ བྷར་ཛིལ། Brazil
༣ དབྱིན་ཇི། England
༤ ཨར་ཇིན་ཊི་ན། Argentina
༥ ཨི་ཏ་ལི། Italy
༦ ཧོ་ལེནྜ། མིང་གཞན་ནི་དྷར་ལེནཌ། neatherland


གསེར་གྱི་ལྷམ་གོ་འཐོབ་རྒྱུའི་རེ་བ་ཡོད་པའི་གང་ཟག་ནི།

༡ མེ་སི། Messi, ཨར་ཇིན་ཊི་ན།
༢ རོ་ནལ་ཌོ། Ronaldo, པོར་ཅུ་གྷལ།
༣ ཊོ་རེ་སེ། Torres, ཊོར་རེས།
༤ རོ་ནི། Rooney, དབྱིན་ཇི།
༥ ཀ་ཀ Kaka, བྷར་ཛིལ།
༦ ཕ་བྷི་ནོ། Fabiano, བྷར་ཛིལ།
༧ ཝིལ་ལ། Villa སེ་པིན།

2010-06-10

ལྷ་མ་ཡིན་སོགས་འགྲོ་བ་གང་དུ་གཏོགས་སམ།

དུས་རྒྱུན་རྒྱུད་ལྔའི་འགྲོ་བ་ཞེས་འགྲོ་བ་རིགས་ལྔར་ཕྱེ་ཡི་ཡོད་ལ། ཡང་ལྷ་མ་ཡིན་ལོགས་སུ་བགྲངས་ནས་རིགས་དྲུག་ཏུ་གྲངས་གསོལ་ཡང་ཡོད། གལ་ཏེ་དམྱལ་བ་ཡི་དྭགས་དུད་འགྲོ་མི་ལྷ་བཅས་ལྔར་བགྲང་དུས་ལྷ་མ་ཡིན་ལ་སོགས་པའི་འགྲོ་དེ་དག་གང་དུ་གཏོགས་ཞེ་ན།

མདོ་ལས་ལྷ་མ་ཡིན་ནི་བདུད་ཀྱི་རིས་ཀྱི་ཡི་དྭགས་དང་དུད་འགྲོའི་ནང་དུ་བསྡུས་པར་བཤད་ཅིང་། སློབ་དཔོན་ཐོགས་མེད་ཀྱིས་ལྷ་ཡིན་ཀྱང་ལྷ་ཡི་ཆོས་སྤངས་པས་ལྷ་མ་ཡིན་ཞེས་གསུངས་པས་ལྷ་དང་ཡི་དྭགས་དང་དུད་འགྲོའི་རིགས་ཀྱིས་བསྡུས་པ་ཡོད་དོ།།

འོ་ན་དྲི་ཟ་བྱ་བ་གང་ཡིན་ལྷ་མ་ཡིན་ཡིན་ནམ་ཞེ་ན།

དྲི་ཟ་ནི་བར་སྲིད་པ་དང་། ལྷའི་རོལ་མོ་མཁན་གཉིས་གོ་ཞིང་། དང་པོ་ནི་འདོད་གཟུགས་དུ་སྐྱེ་འགྱུར་གྱི་སྐྱེ་བ་སྔ་མའི་འཆི་སྲིད་དོར་བའི་བར་དུ་སྲིད་པ་འཚོལ་གྱི་བར་བ་དེ་ཡིན་ལ། གཉིས་པ་ནི་ལྷ་་ཡིན་ནོ།།

དེ་བཞིན་དུ་གྲུལ་བུམ་དང་ལུས་སྲུལ་པོ་ཡི་དྭགས་དང་ལྷར་གཏོགས་ཡིན་ལ། ཀླུ་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱོ་ཆེན་པོ་རྣམས་ནི་དུད་འགྲོར་གཏོགས། ཤ་ཟ་དང་སྨྱོ་བྱེད་དང་མ་མོ་སོགས་ནི་ཡི་དྭགས་སུ་གཏོགས་སོ།། ཀླུ་ཡི་དྭགས་སུ་གཏོགས་པའང་ཡོད།

འོ་ན་སྲིན་བུ་གང་དུ་གཏོགས་ཟེར་ན། སྲིན་བུ་ནི་མིའི་བྱེ་བྲག་ཡིན། གནོད་སྦྱིན་དང་ཕྱོགས་སྐྱོང་སོགས་དང་བདུད་རྣམས་ནི་ཕལ་ཆེར་ལྷའི་སྡེར་གཏོགས་སོ།།

2010-06-07

སྲས་མོ་ཌ་ཡ་ན། (Princess Diana)


དཔར་ལས་མཁས་ཅན་མང་པོས་སྲས་མོ་ཌ་ཡ་ན་ནི་འདྲ་དཔར་གཟུགས་བྱད་༼འདྲ་དཔར་སོགས་ཀྱི་ནང་མཐོང་གནང་དོད་པོ་ཡོད་མཁན་༽ཅན་ཞིག་ཡིན་པར་བརྗོད་ཅིང་། མི་མང་གི་དུས་དེབ་ཀྱི་ཁ་ཤོག་སྟེང་དུ་ཡང་གཞན་ལས་མང་བ་བཀོད་ཀྱི་ཡོད། འོན་ཀྱང་སྲས་མོ་ཁོང་ནི་བུད་མེད་མཛེས་མའི་སྙིང་པོ་བསྡུས་པ་ཙམ་དུ་མ་ཟད་དཔེ་ཟླ་བྲལ་བ་ཞིག་ཡིན་པ་དང་། ཁོང་མོ་ནི་མི་མང་ལ་ཞེ་དྲག་རྒྱང་རིང་པོ་བྱེད་མཁན་མིན་པས་མི་མང་གི་ཁྲོད་ཡོངས་གྲགས་ཆགས་ཡོད།
སྲས་མོ་ཌ་ཡ་ན་ནི་༡༩༨༧ལོར་རེག་དུག་(AID)ནད་པ་ཚོ་དང་ལྷན་དུ་དཔར་རྒྱག་མཁན་གྱི་སྙན་གྲགས་ཅན་གྱི་མི་ཆེན་དང་པོའི་ནང་ནས་གཅིག་ཡིན་པ་དང་། མི་མང་གིས་རེག་དུག་ནད་གཞི་དེ་མི་ཕན་ཚུན་རེག་ཐུག་བྱས་པ་ལས་བགོས་ཀྱི་ཡོད་པར་ཡིད་ཆེས་བྱེད་པའི་དུས་སུ་མོས་ལས་འགུལ་གྱིས་མི་མང་གི་བསམ་བློ་བཅོས་བསྒྱུར་བྱེད་པར་ཕན་ཐོགས་ཆེན་པོ་བྱས་ཡོད།
ས་འོག་གི་འབར་འདེལ་བེད་སྤྱད་བྱེད་པར་འཛམ་གླིང་སྤྱིའི་བཀག་སྡོམ་ཡོང་རྒྱུའི་རེ་བ་བྱས་པ་དང་གཞན་བུད་མེད་ཚོར་དུད་འགྲོའི་དགེ་རྩའི་ལས་འཆར་དེ་འདྲ་བྱུང་རྒྱུའི་རེ་བ་བྱས་པའི་མི་མང་ཁྲོད་ཀྱི་མོའི་ལོ་རྒྱུས་སྙིང་བསྡུས་དེ་ཚོས་གནོད་འཚེ་ཕོག་ཡུལ་དང་ལས་འགུལ་སྤེལ་མཁན་ཚང་མར་རེ་བ་ཆེན་པོ་སྦྱིན་ཐུབ་ཡོད། མོ་རང་གློ་བུར་གྱི་དོན་རྐྱེན་གྱིས་འདས་པའི་རྗེས་སུ་རང་ལྒེར་གྱི་མིན་པའི་ས་ཆར་ས་འོག་འབར་འདེལ་བེད་སྤྱོད་བྱེད་མི་ཆོག་པའི་ཆིངས་ཡིག་༼ཨོ་ཏ་ཝ་ཆིངས་ཡིག་Ottwa treaty༽ལ་གྲོས་ཆོད་ཀྱི་མཚན་རྟགས་ཐོབ་ཡོད་ཅིང། ཐག་ཆོད་འདིའི་ཐད་ལ་མོའི་རྒྱབ་སྐྱོར་དང་ལས་འགུལ་ཚོགས་པ་དེའི་ནང་གི་མོའི་བྱས་རྗེས་ཀྱི་ཤུགས་རྐྱེན་གཙང་མ་ཐེབས་ཡོད།
ཁོང་མོ་ནི་༡༩༦༡།༧།༡ ཉིན་སྐུ་དྲག་གི་བརྒྱུད་པའི་ནང་འཁྲུངས་པ་དང་རང་ལོ་༢༠ ལ་དབྱིན་ཇིའི་རྒྱལ་སྲས་ཅར་ལེ་charle དང་གཉེན་སྒྲིག་བྱས་ནས་གཞོན་ནུ་མ་ཌ་ཡ་ན་ལ་ཉེས་མེད་ཀྱི་མཛེས་སྡུག་དང་ལྷན་དུ་འཚོ་གནས་ཀྱི་འཛམ་གླིང་ཐོབ། ལོ་བཅོ་ལྔའི་རྗེས་སུ་མི་མང་ཡོངས་གྲགས་སུ་གཟའ་ཚང་ཁ་བྲལ་བྱས་པའི་རྗེས་ཌ་ཡ་ནས་མོའི་རྒྱལ་ཁང་གི་འཚོ་བའི་ལྷག་འཕྲོ་དེ་རང་གི་ཁ་གྱོན་གྱི་དུག་ལོག་དེ་རིན་གོང་སུས་ཇེ་ཆེ་སྤྲད་པ་དེར་༼དགེ་རྩ་ཚོགས་པའི་ཆེད་དུ་༽བཙོང་ནས་མཇུག་སྒྲིལ་བྱས་ཡོད།
དེ་ནས་ཝ་ལེ་སེ་(wales)སྲས་མོ་ཙམ་གྱི་ཚུལ་དུ་ཌ་ཡ་ནས་ལས་ཁུངས་ཀྱི་བྱེད་སྒོའི་ཆ་ཤས་བཟུང་ནས་སྨན་ཁང་སྒོ་ཕྱེ་བ་ལྟ་བུ་བྱས་ཡོད། འདིས་ནི་མོ་རང་ལ་དགེ་རྩའི་མ་དངུལ་བསྡུ་ཚུལ་གྱི་ཐབས་ལམ་སྣ་ཚོགས་ལ་ཐེ་གཏོགས་བྱེད་པར་ཕྱིར་འཐོན་སའི་རང་བཞིན་གྱི་སྒོ་ལྟ་བུའི་མཐུན་རྐྱེན་བྱས་ཡོད། ནད་པ་ལ་བཅངས་པའི་མོའི་རང་བཞིན་གྱི་སེམས་ཚོར་དང་གཤིས་ཀ་ནི་ཆེས་ཡིད་སྨོན་ཤོར་བ་ཞིག་ཡོད།
དེ་ལྟ་ནའང་། མོའི་ལྒེར་གྱི་མི་ཚེའི་ནང་གང་སར་འདལ་བའི་གསར་འགོད་པས་ཧམ་འཛུལ་བྱས་ཤིང་། མི་ཚང་མས་ཁོང་མོ་ངོ་རྟགས་ཆོད་པར་སོང་མུ་འཐུད་མོ་རང་མི་མང་གི་ཁྲོད་ཡོངས་གྲགས་སུ་གནས། མོའི་མི་ཚེ་གསར་པ་མགོ་འཛུགས་ནས་ལོ་ངོ་གཅིག་ཙམ་སོང་བའི་རྗེས་༼༡༩༩༧།༨།༣༡ ཉིན་ཁོང་མོ་རང་གི་དགའ་རོགས་དང་ལྷན་དུ་མོ་ཊ་བརྡབ་སྐྱོན་དབང་གིས་༽རྐྱེན་འདས་སུ་ཕྱིན་ཡོད།

ཡིན་ནའང་ཁོང་མོ་ནི་མུ་འཐུད་དྲན་པར་འོས་པའི་གཞོན་ནུ་མ་དང་མཛེས་སྡུག་ཅན་གྱི་སྲས་མོའམ། སྙིང་དབུས་ཀྱི་རྒྱལ་མོ་ལྟ་བུ་ཡིན་ནོ།།

2010-05-26

འཛམ་གླིང་ཕྱི་རོལ་གྱི་སྲོག་ཆགས།

ཚན་རིག་པ་ཚོས་འཛམ་གླིང་གི་ཕྱི་རོལ་གྱི་སེམས་ཅན་དང་འབྲེལ་བ་བྱེད་རྒྱུ་ནི་མིའི་འགྲོ་བ་འདི་གཏོང་རྒྱུའི་ཉེན་ཁར་ཡིད་ཆེས་བྱེད་ཀྱི་ཡོད།

འཛམ་གླིང་ཕྱི་རོལ་དུ་སེམས་ཅན་འཚོ་གནས་བྱེད་ཀྱི་ཡོད་དམ་ཞེ་ན། བྱེད་ཀྱི་ཡོད། འོན་ཀྱང་མིས་མ་མཐར་ཡང་ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུ་དེ་སྤོང་གི་ཡོད་པ་ཡིན་ཞེས་འཛམ་གླིང་འདི་ཚན་རིག་པའི་སྣེ་འཁྲིད་མཁན་སེ་ཊིཕན་་་ཧཱག་གྷིང་Stephen Hawkingགིས་བརྗོད་ཡོད། ཧཱག་གིང་གིས་འཇིག་རྟེན་གྱི་གསང་བ་ཆེན་པོའི་ཐོག་བསམ་ཚུལ་གསར་པ་ཞིག་སྟོན་གྱི་ཡོད་པའི་ནང་འཛམ་གླིང་གི་ཕྱི་རོལ་དུ་སེམས་ཅན་འཚོ་གནས་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་པ་ཌི་སི་་་ཀོ་ཝ་རི་བརྙན་འཕྲིན་ནང་འཐོན་ཡོད།
ཁོང་གིས་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་དེ་དག་ཕལ་ཆེར་རྒྱུ་སྐར་ཙམ་དུ་མ་ཟད་པར་ནམ་མཁའི་འཇིག་རྟེན་གྱི་ཆ་ཤས་གཞན་པའི་ནང་དུའང་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཡང་ན། སྐར་ཚོགས་ཀྱི་ལྟེ་བ་དང། ཡང་ན་སྐར་མ་ཕན་ཚུན་བར་གྱི་སྟོང་ཆ་ནང་ལྡིང་བསྡད་སྲིད་པ་ཡིན་ཞེས་བརྗོད།
ཧཱག་གྷིང་གི་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་ཐད་ཀྱི་རིག་པ་དེ་ནི་སྤྱི་བཏང་གི་ལས་སླ་པོ་དེ་འདྲ་ཞིག་མིན། ཁོང་གིས་འཇིག་རྟེན་ལ་galaxyདགུ་ཚིགས་སྐྱ་མོ་ཐེར་འབུམ་བརྒྱ་༡༠༠་༠༠༠་༠༠༠་༠༠༠ཡོད་པ་དང་། དེ་དག་རེ་རེ་བཞིན་སྐར་ཚོགས་ས་ཡ་བརྒྱ་ཕྲག་མང་པོས་སྐོར་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་དེའི་ནང་འགྲོ་བ་ཆགས་པའི་གླིང་ནི་འཛམ་བུ་གླིང་གཅིག་པུ་མིན་པ་འདྲ།
ཿངའི་རྩིས་རིག་གི་ཀླད་པའི་ནང་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་གྱི་ཐད་དོན་དངོས་དང་རྗེས་སུ་མཐུན་པ་ཞིག་ཨང་གྲངས་རྐྱང་པའི་ལམ་གྱིས་བསམ་གཞིག་བྱེད་ཀྱི་ཡོད། དངོས་གནས་བརྩོན་དགོས་པ་ནི་འཛམ་གླིང་གི་ཕྱི་རོལ་གྱི་སེམས་ཅན་དེ་ཚོ་དོན་དངོས་གང་འདྲ་ཞིག་ཡོད་མེད་རྙེད་པ་བྱ་རྒྱུ་དེ་ཡིན།ཿཞེས་རང་ལོ་༦༨ལ་ཕེབས་པ་དེས་ལུང་འདྲེན་ལྟ་བུར་བརྗོད། ཧག་གྷིང་གིས་ཚོད་དཔག་བྱས་པའི་ལན་ནི་དེ་ཚོ་ཕལ་ཆེ་བ་ལོ་རྒྱུས་ཀྱི་རྒྱུས་རིམ་ནང་འཛམ་གླིང་འདིར་ཁྱབ་བརྡལ་ཕྱིན་ཟིན་པའི་སྲོག་ཆགས་རགས་པའམ་ཕྲ་མོ་དེ་ཚོ་དང་འདྲ་མཚུངས་སུ་ཡོད་ཆོག་པ་ཡིན།

article-1268712-094E6C76000005DC-755_634x368
ཁོང་གི་ཡིག་ཆ་གཞིར་གཟུང་གི་ལྗོངས་རིས་ཞིག་གི་ནང་རྐང་པ་གཉིས་ཅན་གྱི་རྩ་གཟན་གྱི་སེམས་ཅན་༼སྲིན་བུ་ནང་བཞིན་གྱི་རྩངས་པ་ཁ་རལ་སེར་པོ་ལྟ་བུའི་༽ཁྱུ་ཚོགས་འཛམ་གླིང་ཕྱི་རོལ་གྱི་བྲག་ངོས་ལྒང་ནས་འཕུར་ནས་ཡོང་བ་བསྟན་ཡོད་པ་དང་། ཡང་།
ལྗོངས་རིས་གཞན་ཞིག་གི་ནང་གཟའ་མིག་དམར་གྱི་ཟླ་བ་ཡུ་རོ་པ་Europaཟེར་བ་འཁྱགས་པ་འཐུག་པོས་སྐོར་ནས་ཡོད་པ་དེ་དག་གི་འོག་གི་རྒྱ་མཚོའི་ནང་དམར་མདངས་ཅན་གྱི་འོད་ཆེམ་ཆེམ་འཕྲོ་བའི་མཚོ་གནས་སྲོག་ཆགས་ཁྱུ་ཚོ་མང་པོ་ཆགས་ནས་ཡོད་པ་སྟོན་ཡོད།

ལྗོངས་རིས་དེ་ཚོ་སེམས་ཀྱི་ཚོད་དཔག་དང་རྟོག་བཟོ་བྱས་པ་དེ་འདྲ་ཡིན་ནའང་ཧག་གྷིང་གིས་ཚེ་སྲོག་གྲུབ་པ་འགའ་ཤས་རྣམ་དཔྱོད་ཅན་དང་ཉེན་ཁ་བཟོ་མཁན་ཡིན་སྲིད་པའི་གལ་གནད་ཅན་གྱི་གནས་དོན་ལ་བསམ་བློའི་སྣེ་ཁྲིད་བྱེད་པར་བེད་སྤྱོད་བྱས་ཡོད། ཁོང་གིས་ཡ་མཚན་གྱི་སྲོག་ཆགས་དེ་ཚོ་དང་འབྲེལ་བ་བྱེད་ན་འགྲོ་བ་མི་རིགས་རྩ་མེད་འགྲོ་སྲིད་པའི་ཡིད་ཆེས་བྱེད་པ་དང་། འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་གྱིས་འཛམ་གླིང་འདིར་དཔུལ་རྒོལ་བྱས་ནས་བརྟེན་ས་བྱས་པའི་རྗེས་ཚུར་སྤོ་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད།

ཿང་ཚོས་འཕྲད་འདོད་མེད་པའི་ཕུལ་བྱུང་གི་སེམས་ཅན་དེ་ཚོ་ཡར་རྒྱས་ཇི་ལྟར་འགྲོ་བ་སོགས་ལ་བལྟ་བ་ཙམ་བྱས་ནས་བསྡད་དགོས། ངའི་སེམས་ནང་ཁོང་ཚོ་ནི་གྲུ་ཆེན་པོའི་ནང་འཚོ་གནས་བྱེད་པ་དང་། སོ་སོའི་གླིང་གི་ས་གཞི་ནས་ཐོན་ཁུངས་བེད་སྤྱོད་བྱེད་ཀྱི་ཡོད་པ་འཆར་གྱི་འདུག སྔོན་འཐོན་ཅན་གྱི་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་དེ་ཚོ་གཅིག་བྱས་ན་འབྲོག་པ་ཡང་ཡིན་སྲིད་པ་དང་། དེ་ཡང་དཀའ་ངལ་སེལ་ཐབས་དང་ཁོང་ཚོས་སླེབས་ཐུབ་པའི་གླིང་ཕྲན་དུ་ཞུགས་ཐབས་སུ་བྱེད་སྲིད་པ་ཡིན།ཿ

2010-05-15

མིང་གསར་འདོགས་ཚུལ། ༼སྲོག་ཆགས་ཀྱི་སྐོར།༽

ལེགས་ཆ་ཡོད་པའི་མིང་ཚིག

༡༽Zebra རྐྱང་ཁྲ
༢༽anole lizard མདོག་འགྱུར་རྩངས་པ།
༣༽ cuttlefish སྣག་ཉ།

དོགས་གཞི་ཡོད་པའི་མིང་ཚིག

༡༽ hippopotamus ཆུ་རྟ། ༼དེ་ནི་རྒྱ་སྐད་བོད་སྐད་དུ་ཐད་བསྒྱུར་བྱས་པ་འདྲ། ད་ལྟ་ཡོང་ཁྱབ་ཏུ་ཆུ་ཕག་ལབ་བཞིན་པ་བཞིན་ཆུ་ཕག་ཟེར་ན་ཡག༽
༢༽ kangaroo ཁུག་བྱི། ༼སེམས་ཅན་དེ་ནི་བྱི་བའི་རིགས་ཤིག་མིན་པར་སོང་མིང་ཟུར་ལ་བྱི་ལབ་ན་མི་ལེགས་སྙམ།༽
༣༽ giraffe ཤ་བ་སྐེ་རིང་། ༼མ་གཞི་མིང་དེ་ཡག་པོ་འདུག་ཀྱང་། ཡི་གེ་བྲི་དུས་སྟབས་དེ་བྱས་ཤྭ་སྐེ་རིང་བྲིས་ན་ཡག་པོ་འདུག་སྙམ།༽
༤༽ giant panda དོམ་ཁྲ ༼བྱི་ལ་དོམ་ཆེན་ལབ་ན།༽
༥༽ polar bear བྱང་སྣེའི་དོམ་དཀར། ༼འཁྱམས་དོམ་ལབ་ན་ལེགས་པ་མི་འདུག་གམ༽
༦༽ Seal མཚོ་གཟིག ༼ང་ཡིན་འཁྱམས་ཞིམ་ལབ་ས་རེད།༽
༧༽ Fur Seal མཚོ་ཁྱི། ༼འཁྱམས་ཁྱི།༽
༨༽ Dolphin མཚོ་ཕག ༼སེམས་ཅན་དེ་ནི་ཉ་རིགས་ཤིག་ཡིན་པར་སོང་། དེ་ཚོར་ཕག་ལྟ་བུ་མ་ལབ་ན་བཟང་། ལྷག་པར་དུ་མཚོ་ཕག་ཟེར་ན་ཆུ་ཕག་སྟེ་hippopotamus ལ་གོ་འགྲོ་བ་ཡིན། དེས་ན་ཉ་རྩལ་ཅན་ལབ་ན།༽་
༩༽ starfish མཚོ་སྐར། ༼མི་ལེགས་པ་དེ་ཙམ་མེད་ཀྱང་། དེ་ལས་སྐར་ཉ་ལབ་ན་སྐར་མའི་གཟུགས་ཅན་གྱི་ཉ་དང་སེམས་ཅན་ཡིན་པ་གོ་ཐུབ།༽
༡༠༽ jellyfish མཚོ་གདུགས། ༼གདུགས་ཉ་ལབ་ན།༽
༡༡༽ Whale ཆུ་སྲིན། ༼ཆུ་སྲིན་ཟེར་ན་དུས་རྒྱུན་རྩངས་པ་འདྲ་བའི་ཆུའི་ནང་གི་སེམས་ཅན་ཁ་ཆེན་པོ་དེར་གོ དེས་ན་དེ་འཛམ་གླིང་ནང་གི་ཉ་ཆེ་ཤོས་ཡིན་པས་ཉ་ཆེན་པོ་ལབ་ན།༽
༡༢༽ Shark གཏུམ་ཉ། ༼མིང་དེ་ཡག་པོ་འདུག་ཀྱང་། སྔོན་མ་ལོ་རྒྱུས་སུ་རྒྱ་མཚོ་ཆེན་པོར་བསྐྱོད་དུས་གྲུ་གཟིངས་གཏོར་མཁན་གྱི་ཆུ་སྲིན་དེ་ཡིན་པས། ཉ་སྲིན་ལབ་ན་མི་བཟང་ངམ།༽
༡༣༽ Cockroach བསེ་སྦྲང་། ༼མིང་ཚིག་དེ་གསར་རྩོམ་ཡིན་ན་དགོས་ཡག་མི་འདུག འབུ་དེ་ལ་བོད་སྐད་དུ་སྔར་ནས་ཞུ་ལུ་མ་ཟེར་གྱི་ཡོད།༽

རང་མོས་ཀྱི་མིང་ཚིག
༡༽ Gecko རྩངས་པ་སྒལ་ལེབ།
༢༽ butterfly ཕྱེ་མ་ལེབ།
༣༽ moth མེ་ལྕེབ།

བེད་སྤྱོད་ལྡན་པའི་བསྐྱེད།

ཉིན་རེའི་ནང་ཆུ་འཐུང་དུས་བཤད་པ།



དུས་ཚོད་གནད་སྨིན་ཐོག་ཆུ་མང་པོ་འཐུང་ན་མིའི་ལུས་པོའི་བདེ་ཐང་ལ་རྗེས་འབྲས་ལྡན་པའི་ནུས་པ་འཐོན་ཐུབ།

༡༽ གོམ་པ་རྒྱབ་ནས་ཕྱིན་པའི་རྗེས་ཆུ་ཕོར་པ་གཉིས་འཐུང་ན་དབང་རྩའམ་འབུད་རོལ་དེ་དག་གྲུང་པོ་བཟོ་བར་ཕན་ཐོགས་ཡོད།
༢༽ ཁ་ལག་མ་ཟས་གོང་གི་སྐར་མ་༣༠སྔོན་དུ་ཆུ་ཕོར་པ་གང་འཐུང་ན་ཟས་འཇུ་བར་ཕན་ཐོགས་ཡོད།
༣༽ གཟུགས་པོ་མ་འཁྲུ་གོང་རོལ་དུ་ཆུ་ཕོར་པ་གང་འཐུང་ན་ཁྲག་གཤེད་བཅོག་པར་ཕན་ཐོགས་ཡོད།
༤༽ མ་ཉལ་གོང་དུ་ཆུ་ཕོར་པ་གང་འཐུང་ན་གྲིབ་དང་སྙིང་བགད་ན་ཚ་འགོག་པའི་ཕན་ཐོགས་ཡོད།

མིང་གསར་འདོགས་ཚུལ། ༼བྱ་རིགས་ཀྱི་སྐོར།༽

རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་མིང་མཛོད་ལ་དཔྱད་པ།



ལེགས་ཆ་ཡོད་པའི་མིང་།
༡༽ trochilus བྱིའུ་མཐེ་བོང་།

དོགས་གཞི་ཅན་གྱི་མིང་།
༡༽ Seagull ཆུ་སྐྱར། ༼དེ་ལ་མཚོ་སྐྱར་བཏགས་ན།༽
༢༽ penguin བྱ་ཁྱེའུ། ༼བྱ་དེ་ལ་དབྱིན་སྐད་དུ་པཎ་གྷུན་ཟེར་བ་དང་བྱ་དེའི་འགྲོ་སྟངས་དེ་ཡང་པཎྟ་འདྲ་པོ་ཡོད་པའི་པཎ་བྱ་བཏགས་ན།༽
༣༽ goose ངང་པ། ༼མིང་དེ་ནོར་བ་འདྲ། དེ་ནི་རྒྱ་མིས་ཡཱ་ཙེ་ཟེར་བ་དེ་རེད། ༽

རང་མོས་ཀྱི་མིང་།
༡༽ budgie ནེ་ཆུང་།
༢༽ cockatiel དྲི་ཟའི་བྱེའུ།

ས་ཡོམ་ལགས། ཚེ་སྲོག་གི་ཕུར་པས་བཏབ་ཆོག

དུས་རབས་ཀྱི་འཛད་མཐར།
ཚུལ་རོལ་གྱི་ཐ་མར།
ས་གཞི་ཡོམ་ཡོམ་བྱས།

བྱང་ཤར་ནས་འུར་སྒྲ་གྲགས།
ལྷོ་ནུབ་ནས་སྨྲེ་ངག་འདོན།
ངེད་ཅག་བོད་མིའི་ཚེ་སྲོག
བཙན་པོའི་འབར་འཐིལ་ན་ཡོམ་ཡོམ་བྱས།
ཅི་རེད་དམ། ས་ཡོམ་རེད་ཨང་ས་ཡོམ།

རྟག་ཏུ་ས་ཡོམ་ལ་འཇིགས་ནས་ཡོད་ལ།
ས་ཡོམ་གྱི་གཞན་དབང་དུ་ཡོད།
ས་ཡོམ་ལས་བྲོས་པར་དཀའ་ལ།
ས་ཡོམ་དང་ལྷན་དུ་གནས་པར་ཡང་དཀའ།
གང་རེད་དམ། འདི་ན་ངེད་ཅག་གི་ཕ་གཞིས་ཡིན།

ས་ཆེན་པོ་དུམ་བུ་ལྔར་བཀས་ཀྱང་།
གནམ་ཆེན་པོ་ཆར་བཞིན་ཟགས་ཀྱང་།
དུས་རྟག་ཏུ་ས་ཡོམ་གྱིས་ཉེན་པ།
འདི་ནི། ངེད་ཅག་གི་ཕ་གཞིས་ཡིན་པས།
ཚེ་སྲོག་གི་ཕུར་པས་ཁྱོད་ལ་བཏབ་ཆོག
ས་ཡོམ་ལགས།

བྱ་མ་བྱི་དང་བྱ་མ་བྱིའུ་ཡི་ཁྱད་པར།


དེང་སང་མང་པོས་བྱ་མ་བྱི་ནི་འཕུར་རྩལ་ཅན་གྱི་ཐང་རྒྱུགས་རེད་ཟེར་བ་དང་། ཡང་ཁ་ཤས་ཀྱི་མ་རེད་ཙི་ཙི་སྒམ་པོ་རེད་ཟེར་ནས་རྩོད་བཞིན་ཡོད་མོད་ཀྱང་། ཁོ་བོས་ལྟར་ན་དེ་ལྟར་རྩོད་མི་དགོས་པར་བྱ་མ་བྱི་དང་བྱ་མ་བྱིའུ་ལ་ཁྱད་པར་ཞིག་འཆད་ན་མིང་ཚིག་ཕྱུག་ཏུ་འགྲོ་བས་མ་ཚད་རྩོད་པ་ཅང་མི་འདུག་སྙམ། དེ་ཡང་ཁོ་བོར་མཐའ་གཅིག་ཏུ་འདི་ཡིན་ཞེས་རྒྱུ་མཚན་ཁུངས་དང་བཅས་པའི་ངེས་བཟུང་གི་ཐ་སྙད་གང་མེད་ཀྱང་བོད་མི་སྤྱི་བྱིངས་ཀྱི་ངག་འགྲོས་ཀྱི་སྒྲ་གདངས་འདོན་སྟངས་དང་། ཐ་སྙད་ཀྱི་གོ་སྟངས་ལ་རིགས་པས་བརྟགས་ནས་བརྗོད་ན། དེ་ཡང་།


༡༽ བྱ་མ་བྱི་ནི་༼བྱ་ཡང་མ་ཡིན་བྱི་བ་ཡང་མ་ཡིན་པའི་དོན་ཡིན་པས་༽ཐང་རྒྱུགས་སམ་ནགས་བྱི་ཤིང་སྡོང་ཕན་ཚུན་བར་འཕུར་འགྲོ་མཁན་(fying squirrel)དེ་ཡིན་ལ།



༢༽བྱ་མ་བྱིའུ་ནི་༼ནམ་མཁའ་བྱ་ལྟར་འཕར་འགྲོ་བ་གང་ཞིག་ལ་བྱ་དང་བྱིའུ་གང་ཡང་མིན་པར་དོན་ཡིན་པས་༽ཙི་ཙི་སྒམ་པོའམ་ཕ་ཝང་ལ་གོ་དགོས་སྙམ།

དབྱིན་མིང་བོད་བྲིས། ༼༡༽

དེང་སང་བོད་པའི་སྤྱི་ཚོགས་ནང་དབྱིན་སྐད་ཀྱི་མིང་མང་པོ་ཞེ་པོ་གཅིག་བོད་ཡིག་ནང་འབྲི་དུས་དག་ཆ་སོགས་ལ་དཀའ་ངལ་འཕྲད་དེ་སྒྲ་གདངས་མི་མཐུན་མང་པོ་ཡོང་བའི་དཀའ་ངལ་བསལ་ཐབས་སུ། ཤེས་ལྡན་པ་མང་པོའི་དབྱིན་སྐད་མིང་མང་པོ་བོད་ཡིག་དུ་དོན་བསྒྱུར་བྱེད་པ་དང་། ཡང་བོད་སྐད་དུ་སྒྲ་མཐུན་མཐུན་འདྲ་བའི་བོད་མིང་བཏགས་པ་སོགས་བྱས་པ་མི་ལེགས་པར་མཐོང་ནས། ང་ཚོས་དབྱིན་མིང་དེ་ཚོར་སྒྲ་གདངས་གསལ་པོར་འཐོན་པའི་བོད་ཡིག་གི་དག་ཆ་ཞིག་གཏན་འབེབས་བྱུང་ན་ཅི་མ་རུང་བསམས་ནས། ད་ལན་འདིར་ཉིན་རེའི་ཚོར་བའི་ནང་དགོས་མཁོ་དང་བེད་སྤྱོད་ཆེ་བའི་དབྱིན་མིང་མང་དག་ཅིག་བོད་ཡིག་ཏུ་བྲིས་ཡོད། གཤམ་དུ་བྲིས་པ་དེ་ཚོ་ནི་གཏན་འབེབས་མིན་པར་ཁོ་བོས་དཔྱད་གཞིར་ཕུལ་བ་ཡིན་པས། བློ་གཟུ་བོར་གནས་པའི་དཔྱོད་ལྡན་པ་ཚོས་དབྱིན་མིང་དེ་དག་བོད་ཡིག་ཏུ་བྲིས་སྟངས་ཐད་བསམ་འཆར་གང་ལེགས་གནང་རོགས། ཁོ་བོས་ཁྱེད་རྣམ་པའི་བསམ་འཆར་ལ་ཉན་ཞིབ་ཀྱིས་རིམ་པས་གོམ་པ་མདུན་དུ་སྤོས་རྒྱུ་ཡིན།

གསལ་བཤད། དཔེར་ན་yahoo messengerལྟ་བུ་དབྱིན་མིང་ཚིག་གཉིས་ཅན་དེ་ཚོ་འབྲི་དུས་སྔ་ཕྱིའི་མཚམས་གཅོད་བདེ་ཆེད་༼ཡ་ཧཽ་་མེ་སེན་ཇར་ལྟ་བུ་༽བར་དུ་ཚེག་བར་ཉིས་རྩེག་བྲིས་ཡོད།
༡༽ དྲ་ཚིགས་ཁག་གི་མིང་།

gmail རྗི་མེལ།
google གྷོ་གྷལ།
yahoo ཡ་ཧཽ།
yahoo messenger ཡ་ཧཽ་་མེ་སེན་ཇར།
hotmail ཧོཊ་མེལ།
rediff རེ་ཌིཕ།
facebook ཕེ་སེ་བྷུཀ
twitter ཊེ་ཝི་ཊར།
qq ཁེའུ་ཁེའུ།
google talk གྷོ་གྷལ་ཊོཀ
skype སེ་ཀྱེ་པེ། སེ་ཀ་ཡེབ།
Flickr ཧྥ་ལིཀ་ཀར།
hi5 ཧྱེ་་ཕ་ཡེཕ།



༢༽ ཁ་པར་བཟོ་གྲྭའི་མིང།

Nokia ནོ་ཀི་ཡ།
Samsung སེམ་སུང་།
Sony Ericsson སོ་ནྱི་་ཨི་རིཀ་སོན།
Motorola མོ་ཊོ་རོ་ལ།
LG ཨེལ་རྗི།
Apple ཨེབ་པལ།
HTC ཨེཆ་ཊི་སི།
Micromax མིཀ་རོ་མེཀ་སེ།
Karborn ཀར་བྷོན།

གློད་ཀླད་བཟོ་གྲྭའི་མིང་།

Apple ཨེབ་པལ།
Acer ཨེ་སར།
hp ཨེཆ་པི།
Lenovo ལེ་ནོ་ཝོ།
Dell ཌེལ།
Toshiba ཏོ་ཤི་བྷ།
Sony སོ་ནྱི།

བོད་ཡིག་གི་སྒོ་བྱང་། ཤ་བཙོང་རྒྱུ་ཡོད།



གཞིས་ཆགས་འདིར་མོན་གྷོ་ཞེས་པའི་གྲོང་བརྡལ་དང་ཧོབ་ལི་ཞེས་པའི་གྲོང་ཁྱེར་གཉིས་ཡོད་པ་ནི་ངས་བརྗོད་ཡེ་མི་དགོས་པར་ས་གནས་འདིར་ཕེབས་མྱོང་མཁན་ཞིག་ཡིན་ན་མཁྱེན་གྱི་ཡོད་པ་སྨོས་མེད་རེད། དེ་གཉིས་སུ་ཚོང་ཁང་དང་ཟ་ཁང་། གློག་རྩེད་video gameཁང་དང་གློག་བརྙན་ཁང་། ཤ་ཁང་དང་དྲ་ཁང་། དངུལ་ཁང་དང་སྦྲགས་ཁང་། ཀུན་འཛོམས་ཁྲོམ་ར་shopping mallསོགས་དབྱིན་ཡིག་གི་སྒོ་བྱང་ཡོད་པ་མང་པོ་ཡོད་ནའང་། དེ་དག་ལས་བོད་ཡིག་གི་སྒོ་བྱང་ཡོད་པ་ནི་ཉིན་མོའི་སྐར་མ་ལྟར་ཡིན་པ་སྤྱིར་བཏང་གི་ཁོར་ཡུག་གི་རང་བཞིན་ཞིག་ཡིན་པ་ལས་ངོ་གནོངས་དང་ཞུམ་པ་སྐྱེས་དགོས་པའི་གནད་དོན་ཞིག་མིན། འོན་ཀྱང་གྲོང་བརྡལ་དེ་དག་ཏུ་དམིགས་བསལ་གྱི་ཤ་ཁང་མང་པོ་ཞིག་ལ་བོད་ཡིག་གི་སྒོ་བྱང་མཐོང་རྒྱུ་ཡོད་པ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་འདུག་ཡ། ངས་ཧོབ་ལི་གྲོང་ཁྱེར་དུ་ཤ་ཚོང་སའི་སྒོ་ཤེལ་ཁྲའི་སྟེང་ཕག་ཤ་ཡོད་ཅེས་པ་མཐོང་སོང་ལ། མོན་གྷོ་གྲོང་བརྡལ་གྱི་ཤ་ཁང་དེ་དག་གི་སྒོ་འགྲམ་དུ་བོད་ཡིག་གི་སྒོ་བྱང་བྲིས་པ་མང་པོ་མཐོང་སོང་།


ལྷག་པར་དུ་གོང་གི་འདྲ་པར་དེ་ལ་ཡག་པོ་ཞིག་གཟིགས་དང་། དེ་ནི་བོད་ཡིག་མ་རེད་ཟེར་ན་ནི་བོད་ཡིག་གི་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་ཞིག་ཡིན་ལ། བོད་ཡིག་རེད་ཟེར་ན་ནི་གཅི་ཀ་ཀན་ཟེར་བ་དེ་འདྲ་དེ་སྔ་བོད་ཡིག་ཐོག་མེད་ལ། དབྱིན་ཡིག་ཐད་འདོན་ཡིན་ན་ནི་chickenཞེས་པའི་དབྱིན་ཡིག་གི་སྒྲ་གདངས་ཁྱོན་ནས་འཐོན་མེད་ལ། ལྷག་པར་བོད་ཡིག་ནང་བྱ་ཤ་ཞེས་པའི་ཐ་སྙད་ཡོད་བཞིན་དུ་གཅི་ཀ་ཀན་ཟེར་བ་དེ་འདྲ་བྲིས་དགོས་དོན་ཨེ་ཡོད། གལ་ཏེ་བོད་ཡིག་ནང་བྲིས་དགོས་ན་༼བྱ་ཤ་ཚོང་ཁང་དང་། བྱ་ཤ་ལྟེ་གནས་དང་། བྱ་ཤ་སེན་ཀྲར་༽བྲིས་ཆོག་ལ། གལ་ཏེ་སྒྲ་ཐད་འདོན་དགོས་ན་༼ཅིག་ཀེན་སེན་ཊར་༽ཞེས་བྲིས་ནའང་འགྲིགས། དེས་ན་ཡི་གེ་དེའི་དཔེ་བྲིས་མཁན་ནི་གཏན་གཏན་བོད་མི་ཞིག་ཡིན་ངེས་ལ། བོད་མི་ཞིག་གིས་རྒྱ་གར་བ་ཚོར་སྒོ་བྱང་གི་དཔེ་འབྲི་དུས་གང་བྱུང་མ་བྱས་པར་གཟབ་གཟབ་ངང་བརྡ་སྤྲོད་དང་མཐུན་པ་དང་། སྒྲ་གདངས་གསལ་པོ་འཐོན་པའི་ཡི་གེ་བྲིས་དགོས། ལྷག་པར་རྒྱ་གར་བ་ཚོས་བོད་ཡིག་གང་བྱུང་བྲིས་དུས་དོ་བདག་ལ་ཡི་གེ་དེ་འགྲིགས་མི་འདུག་ཅེས་བོད་མི་ཚང་མས་གསལ་བཤད་རྒྱག་དགོས་འདུག རྒྱ་གར་བ་ཚོས་ནི་དཔེར་ན་མངའ་སྡེའི་ཡི་གེ་དབྱིན་ཡིག་གི་འོག་བོད་མི་ཚོས་བྲིས་པར་ལམ་སེང་བསམ་འཆར་འདོན་གྱི་འདུག
ལྷག་དོན་ཤ་ཁང་དེ་ཚོའི་སྒོ་བྱང་ལ་བོད་ཡིག་མང་པོ་ཡོང་བ་དེ་དངོས་གནས་ངོ་ཚ་དགོས་པ་དང་། མི་རིགས་ཀྱི་ཞབས་འདྲེན་ཞུ་ཡི་འདུག

རྒྱ་གར་གྱི་གྲོང་བརྡལ་ཙམ་དུ་མ་ཟད་བོད་མིའི་གཞིས་ཆགས་ཀྱི་ནང་དུའང་བརྡ་སྤྲོད་དང་མི་མཐུན་པའི་བོད་ཡིག་གང་མང་བཀོལ་སྤྱོད་ཡོང་གི་ཡོད་པ་དཔེར་ན། ལོ་སྔོན་མའི་ནང་མོན་གྷོ་གཞིས་ཆགས་ཀྱི་གཞིས་གྲོང་དགུ་ལ་རེག་དུག་༼AID/HIV༽སྐོར་གྱི་འཕྲོད་བསྟེན་ཁྱབ་བསྒྲགས་ཀྱི་སྦྱར་བྱང་༼poster༽ཆེན་པོ་དེ་འདྲ་རེ་བཙུགས་ཡོད། དེ་འདྲའི་ལོ་ནས་ལོ་བར་བསྡད་པའི་སྦྱར་བྱང་གི་སྟེང་བརྡ་དག་དང་མི་མཐུན་པ་བྲིས་པ་འོག་གི་འདྲ་དཔར་ནང་གསལ་བ་ལྟར་རེད།



དེར་༼དུག་སྦྲང་གིས་སོ་རྒྱབ་པ་ཞེས་པའི་དོད་དུ་༽དུག་སྦྲང་གི་སོ་རྒྱབ་པ་ཞེས་བྲིས་ཡོད། དུག་སྦྲང་གི་སོ་རྒྱབ་པ་ལབ་ན་གོ་རྒྱུ་མེད་ཅིང་། ད་དུང་གོ་བ་ལེན་ཤེས་མདོག་བྱས་ན་དུག་སྦྲང་གི་སོ་ཡོད་པར་གོ་ཉེན་ཡོད།


གཞིས་ཆགས་ཉུལ་བའི་ལམ་བར་མཐོང་སྣང་འགའ།།
གུང་སེང་དུས་བསྟུན་རང་བློར་འཆར་སྣང་ཞིག།།
དཔྱད་ཞིབ་ནན་མོ་བྱེད་པར་མ་ཁོམ་ནས།།
ཐད་ཀར་ཟིན་བྲིས་འདིར་སྤེལ་རིག་པ་འདོན།།

མིང་གསར་འདོགས་ཚུལ། ༼ཁོར་ཡུག་སྲུང་སྐྱོབ་སྐོར།༽

ལེགས་ཆ་ཡོད་པའི་མིང་།
acid rain སྐྱུར་ཆར།
pesticide ཞིང་སྨན།
fertillizer རྫས་ལུད།
wildlife reserve རང་བྱུང་སྲུང་སྐྱོབ་ཁུལ།

དོགས་གཞི་ཡོད་པའི་མིང་།
dust storm བྱེ་རྡུལ་དྲག་རླུང་།
soil erosion from water ཆུ་ཤོར་ས་ཉིལ།
desertification ས་ངོས་བྱེ་འགྱུར།

རང་འདོད་ཀྱི་མིང་གསར།
dust storm ཐལ་རྡུལ་རླུང་འཚུབ།

མིང་གསར་འདོགས་ཚུལ། ༼ནུས་ཁུངས་སྐོར༽

༡༽ ལེགས་ཆ་ཡོད་པའི་མིང་།

Negative contact ཕོ་གློག་སྐུད་སྣེ།
Positive contact མོ་གློག་སྐུད་སྣེ།
Voltage stabilizer གློག་ཤེད་བརྟན་ཆས།
solar powered street lamp ཉི་གློག་ལམ་སྒྲོན།
solar furnace ཉི་ཐབ།
battery གློག་སྣོད།

༢༽ དོགས་གཞི་ཡོད་པའི་མིང་།

electric generator གློག་འདོན་འཕྲུལ།
windmill རླུང་འཁོར།
nuclear power station ཉིང་རྡུལ་གློག་ཚུགས།
hydro-electric power station ཆུ་གློག་ས་ཚུགས།
solar powered water heater ཉི་གློག་ཆུ་སྲོ་ཆས།
solar cell ཉི་ནུས་གློག་རྫས།
oil pump སྣུམ་འཐེན་འཕྲུལ།

༣༽ རང་གི་འདོད་མོས་ཀྱི་མིང་།
electric generator སྐམ་གློག
windmill རླུང་ཁང་།
nuclear power station ནེག་རྡུལ་གློག་ཚུགས།
hydro-electric power station བབ་ཆུའི་གློག་ཚུགས།
solar powered water heater ཉི་འོད་ཆུ་དྲོད།
solar cell ཉི་རྫས།
oil pump སྣམ་འདྲེན་འཕྲུལ་ཆས།

མིང་གསར་འདོགས་ཚུལ། ༼གནམ་རིག་ས་ཁམས་སྐོར།༽

ཁོ་བོའི་གྲོགས་པོ་ཞིག་ལས་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་པའི་༼རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༽ཞེས་པའི་དེབ་གཅིག་གཡར་རྒྱུ་བྱུང་། དེབ་དེ་ནི་ཆེས་ཡོངས་གྲགས་མིན་པའི་མིང་ཚིག་གསར་པ་མང་པོ་དང་སྙིང་པ་འགའ་རེ་དཔར་རིས་བཅས་བཀོད་འདུག་པ་དང་། དེའི་ནང་དོགས་འཆར་ཡོད་ན་བསམ་འཆར་ཤོད་རོགས་ཅེས་ཀྱང་འཁོད་འདུག་པས། ངོས་ནས་གོ་སྐབས་བྱུང་དུས་དེབ་དེའི་ནང་གི་དོགས་གཞི་ཡོད་པའི་མིང་ཚིག་དང་། ཡང་ལེགས་ཆ་མཐོང་བའི་མིང་ཚིག་དེ་འདྲ་རིམ་པས་ཟིན་བྲིས་འདིར་བཀོད་ནས་དྲ་གྲོགས་ཚོའི་བསམ་འཆར་ཉན་རྒྱུ་ཡིན།


ལེགས་ཆ་ཡོད་པའི་མིང་ཚིག

༡ Radar རེག་བརྡ།
༢ satellite འཁོར་སྐར།
༣ annual solar eclipse ཉི་མ་གདུབ་འཛིན།
༤ total solar eclipse ཉི་མ་ཧྲིལ་འཛིན།
༥ partial solar eclipse ཉི་མ་ཆ་འཛིན།
༦ planetarium གནམ་རིག་ཁང་།
༧ terraced ཐེམ་ཞིང་།

དོགས་འཆར་ཡོད་པའི་མིང་ཚིག
༡ coral reef བྱུར་བྲག
༢ volcano མེ་རི།

སྐད་ཀྱི་ཟུར་ཆགས་ཞེས་པ།

སྐད་ཀྱི་ཟུར་ཆག་པ་དཔེར་ན་མོ་ཊ་ཟེར་ན་དབྱིན་སྐད་མོ་ཊོར་གྱི་ཟུར་ཆག་པ་དང་། ནེ་ལེ་ཟེར་ན་ལེགས་སྦྱར་གྱི་སྐད་ནེའུ་ལ་ཡི་ཟུར་ཆག་པ་དང་། དེ་བཞིན་དུ་འཇུར་ཏ་དང་དུ་ཀཱུ་ལ་སོགས་རྒྱ་གར་གྱི་སྐད་ཟུར་ཆག་པ་ཡིན་ཏུ་ཆུག་ཀྱང་། དངོས་དོན་གྱི་རྒྱུ་མཚན་གང་ཡང་མེད་པར་སྐད་གདངས་འདྲ་ཆོས་ཙམ་འཐད་གྲུབ་ཏུ་བྱས་ནས་དེ་དང་དེའི་སྐད་ཀྱི་ཟུར་ཆག་པར་ཁ་ཅིག་འདོད་པ་ནི་རིགས་པ་མིན་པར་སེམས་ཏེ། སྔོན་དུས་བོད་སྐད་དུ་མེད་པ་ཞིག་ཡུལ་ལུང་གཞན་ནས་བོད་དུ་དར་བ་ལས་དེ་དང་དེའི་མིང་གི་སྐད་ཟུར་ཆག་པ་དང་། ཡང་ཡུལ་གཞན་གྱི་གཞུང་ལུགས་བོད་དུ་བསྒྱུར་སྐབས་སྐད་ཀྱི་ཟུར་ཆག་ནས་བྱུང་བ་དེ་འདྲ་ལས། དེ་དང་དེའི་ཡུལ་གྱི་དངོས་པོ་དེའི་མིང་བོད་སྐད་དང་བརྗོད་པ་འདྲ་བ་ཙམ་གྱིས་སྐད་ཀྱི་ཟུར་ཆག་པར་མི་རིགས་ཏེ། འཛམ་གླིང་འདི་ན་སྐད་རིགས་ཇི་སྙད་ཅིག་ཡོད་པ་དེ་དག་གི་ནང་དུ་བོད་སྐད་དང་འདྲ་ཆོས་མཐུན་པ་གང་མང་ཡོད་པ་མཐོང་བའི་ཕྱིར། དཔེར་ན་ཉི་ཧོང་གི་གྲངས་གནས་དེ་ཚོ་བོད་སྐད་དང་འདྲ་བ་དང་། ཕ་དང་མ་ཟེར་བ་དེ་ཚོ་ཡུལ་ལུང་ཕལ་མོ་ཆེ་འདྲ་བ་དང་། ཡང་མི་ཞེས་པ་དེ་དབྱིན་སྐད་མེན་manཟེར་བ་དང་འདྲ་བ་སོགས་སོ།།

གལ་ཏེ་བོད་ཀྱི་མིང་ཚིག་འདི་དང་འདི། སྐད་རིགས་དེ་དང་དེ་ནས་ཟུར་ཆག་པ་ཡིན་པར་བརྗོད་འདོད་ན། ཐོག་མར་སྐད་རིགས་དེ་དང་དེ་ནས་ཟུར་ཆག་སྟངས་བརྗོད་དགོས་ལ། དེ་འདྲ་བརྗོད་རྒྱུ་མེད་ན་གཞུང་འདི་དང་འདི་ནས་གསུངས་འདུག་ཅེས་ཁུངས་དགོས་པ་ལས། བབ་ཅོལ་དུ་སྐད་གདངས་དང་འཇུག་ཡུལ་འདྲ་མཚུངས་སུ་ཡོད་པ་གཉིས་ཁུར་ཡོང་ནས་དེ་དེའི་སྐད་ཀྱི་ཟུར་ཆག་པ་རེད་ཟེར་ན་སྙིང་པོ་མ་མཐོང་ཞིང་། དེ་བས་རྒྱ་མིས་ང་ཚོར་ཧམ་པ་བཤད་ཀྱི་འདུག བྱས་ཙང་ང་ཚོས་ཀྱང་ཧམ་པ་བཤད་ཀྱི་ཡིན་ཟེར་ན་ངོ་ཚ་བས་གནས་ལས་མི་འདའ་སྙམ།

དེས་ན་ཕྱིས་སུ་ང་ཚོའི་ཕ་མེས་ཀྱི་བོད་སྐད་ཆེ་ཕྲ་གང་ཞིག་ཡིན་རུང་དེ་དང་དེ་ཡུལ་གཞན་གྱི་སྐད་ཀྱི་ཟུར་ཆག་པ་ཡིན་པ་བརྗོད་འདོད་ན་རྒྱུ་མཚན་ཁུངས་དང་བཅས་པར་བརྗོད་དགོས་པ་ལས་དེ་མིན་འདྲ་ཆོས་ཙམ་རྒྱུ་མཚན་དུ་བྱས་ན་རེ་ཞིག་ངོས་ལན་ཞུ་ཐབས་མེད།

སྦུར་པས་མགོར་བརྡུང་པ། དངོས་བྱུང་མཚར་གཏམ།

བོད་ཀྱི་ལུང་པ་ཞིག་ལ་མི་ཚང་ཆེན་པོ་ཞིག་ཡོད་པ་དེར་བུ་ཞིག་ཡོད། ཐེངས་ཤིག་ལུང་པ་དེ་གཞན་དང་དཁྲུག་པ་ཤོར་བས་མཚན་མོ་ཞིག་བུ་དེ་གྲོང་མི་མང་པོ་དང་ལྷན་དུ་མེ་མདའ་ཁུར་ནས་འཛིང་སར་སོང་བ་རེད། དཁྲུག་འཛིང་བྱེད་བཞིན་པའི་སྐབས་སྦུར་པ་((འབུ་སྒལ་པ་འཁྲེགས་པོ་ཞིག))ཞིག་འཕུར་ཡོང་ནས་བུ་དེའི་མགོ་བོར་ཤུགས་ཆེན་པོས་བརྡུང་པས། ཁོའི་བསམ་པར་དཱ་མེ་མདའ་ཕོག་སོང་དྲན་ནས་མགོ་བོ་རས་ཞིག་གིས་ཡག་པོ་བསྡམས་ནས་མི་ཚོར་མགོ་ལ་མེ་མདའ་ཕོག་སོང་ལབ་ནས་ལོག་ཡོང་བས་གྲོང་མི་ཚང་མ་ཧང་སངས་ནས་བལྟ་བར་སླེབས། མི་ཚང་མ་འཛོམས་སར་དེར་གཅིག་གིས་ཁོའི་མགོའི་རས་དེ་ག་ལེར་བཀྲོལ་བས་དེའི་ནང་སྦུར་པ་ཆེན་པོ་ཞིག་མ་གཏོགས་མགོ་བོར་རྨ་ཤུལ་གང་ཡང་མེད་པས་མི་ཚོ་གད་མོ་ཤོར་བ་དང༌། ཁོ་རང་ངོ་ཚ་པོ་བྱུང་བ་རེད།

ཟླ་བའི་ནང་རི་བོང་འདུག་ཟེར།

ཟླ་དཀར་གྱི་ནང་དུ་ཨ་ཁུ་རི་བོང་ཡོད། ར་ས་ཕོ་ཉས་ད་ལྟ་རང་དཔར་བླངས། ཚོུད། ༡༠་༣༥།



ལོ་ངོ་ཐེར་འབུམ་གྱི་སྔ་རོལ་ནས་མི་ཚོས་ཟླ་བའི་ནང་རི་བོང་འདུག་ཟེར།

རི་བོང་གི་ཨམ་ཆོག་ཆེན་པོ་འདུག་ཟེར།

རི་བོང་གི་མཚན་མ་འདུག་ཟེར།

རོང་ཆེན་པོ་འདུག་ཟེར།

ྋགོང་ས་མཆོག་འདུག་ཟེར།

གྷན་དྷི་འདུག་ཟེར།

ད་ལྟ་ག་རེ་འདུག་ལྟོས་དང༌།

ངས་ད་ལྟ་རང་བཅོ་ལྔའི་ཟླ་བའི་སྐུ་དཔར་ཞིག་བླངས་ཡོད།

གཤམ་གི་འཆན་བུའི་ནང་ཁྱེད་ཀྱི་ག་རེ་མཐོང་བ་བརྗོད་དང༌།

གློག་ཀླད་ཀྱི་ཟུར་ནས་ཀྱང་ལྟོས་དང༌།

རེད་ཡ། རེད་ཡ།

སོ་སོ་ལ་སོ་སོར་མཐོང༌། ངས་རྟག་ཏུ་འདི་ལྟར་སོམ།

ཟླ་བའི་ནང་རི་བོང་མཚན་མ་ཅིས། བྱ་རྒོད་ཀྱི་མཚན་མ་ཅིས་མ་ཡིན།

རྟག་ཏུ་རི་བོང་གི་མཚན་མ་མཐོང༌། དེ་མེད་པའི་ཟླ་བ་མེད།

ས་རོང་ཡིན་ན། ཟླ་བ་མི་འཁོར་རམ།

ཕལ་ཆེར་མི་འཁོར་བ་འདྲ། ཁྱེད་ཀྱིས་ཅི་བསམས། མཆན་བུ་ཐོབས།

དཔའ་བོ་མིན།

གཡག་རྒོད་དར་མ་འདུལ་བའི་ཤེད་ཤུགས་དང༌།།

ལྕགས་མདོང་སྐེད་ནས་གཅོད་པའི་གྲི་ཡོད་ཀྱང༌།།

ཕ་རོལ་དགྲ་ལ་རྒོལ་དུས་མི་སྟོན་ན།།

བརྟུལ་ཕོད་ཅན་གྱི་དཔའ་བོ་ག་ལ་ཡིན།།



ནམ་མཁའི་ཁྱོན་ཀུན་འགེངས་པའི་ཤེས་ཡོན་དང༌།།

སྟོང་གསུམ་སྙན་པར་གྲགས་པའི་མིང་ལྡན་ཡང༌།།

འུ་ཐུག་ཉག་ཕྲའི་དུས་སུ་མི་ཕན་ན།།

བརྟུལ་ཕོད་ཅན་གྱི་དཔའ་བོ་ག་ལ་ཡིན།།



རི་རབ་ཁྱུར་མིད་བྱེད་པའི་སྙིང་སྟོབས་དང༌།།

སྤྱི་དོན་ཁོང་དུ་སྦྲུམ་པའི་བློ་ལྡན་ཡང༌།།

གཞུང་དང་མི་མང་དོན་དུ་མི་སྨན་ན།།

བརྟུལ་ཕོད་ཅན་གྱི་དཔའ་བོ་ག་ལ་ཡིན།།



རབ་དཀར་དར་ལ་འགྲན་པའི་ལྷག་བསམ་དང༌།།

དྲང་བདེན་ཁ་ནས་སྨྲ་བའི་ལྕེ་ལྡན་ཡང༌།།

མིང་འདོན་ཡིག་ཐོག་འགོད་པར་མི་ཕོད་ན།།

བརྟུལ་ཕོད་ཅན་གྱི་དཔའ་རྒོད་ག་ལ་ཡིན།།



ནོར་ལྡེ་ཚགས་པར་སྟེང་འགོད་ཟིན།

ཤོག་བུ་ཁྲ་ཁྲ། ? ཕྱེ་མ་ལེབ། ? ཅེམ་ཅེ་ལྷ་མོ། ?

དགོས་འདོད་ནོར་བུའི་འོད་ཀྱིས་ལྷ་ལམ་འགེངས།།
འགེངས་མེད་སྨྱུ་གུ་སྟེང་པས་མཛུབ་རྩེ་ནས།།
ནས་འབྲུ་ཐང་ལ་གཏོར་བའི་དོ་ཟླ་རུ།།
རུ་ངར་ཤོག་བུ་ཁྲ་ཁྲ་འདི་ལྟར་བཟོའོ།།

སྙན་གྲགས་ཀྱི་མིང་སྐམ་རང་བྱུང་གི་ཕུང་གཞི།།
འདོད་ཡོན་གྱི་ལོངས་སྤྱོད་རང་སྐྱེལ་གྱི་ཕུང་གཞི།།
གཉེན་ཉེ་ཡི་མཆེད་འཁོར་རང་སླུ་ཡི་ཕུང་གཞི།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང་།།

དམ་ཆོས་ཀྱི་སྣང་བ་ཉི་ཟེར་བཞིན་འཚེར་ཀྱང་།།
ཡོ་ལང་གི་ན་བུན་ཚང་ག་དེ་ཆེ་བས།།
དྲི་མེད་ཀྱི་བླ་མའི་མཇལ་ཁ་ཞིག་རག་ཆེད།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང་།།

རང་ལག་གི་སྨྱུ་གུ་ཕུང་སྐྱོར་གྱི་འཁར་བ།།
རང་ལུས་ཀྱི་གཟན་ཤམ་ཞེན་བྲལ་གྱི་སྐྱོ་གར།།
རང་སེམས་ཀྱི་འབའ་ཁུག་ལྟ་གྲུབ་ཀྱི་ཕག་ཚང་།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང་།།

དེང་དུས་ཀྱི་མི་གཤིས་མཐོ་སྒང་གི་དར་ལྕོགས།།
དེང་དུས་ཀྱི་འགྲིག་ལམ་ཐལ་རྡུལ་གྱི་རྭ་བ།།
དེང་དུས་ཀྱི་དཔལ་འབྱོར་མགོ་མེད་དམག་དཔུང་།།
ཆོས་བརྒྱད་ཀྱི་གྲོགས་པོ་ཕར་ཙམ་ཞིག་སོང་དང་།།

ལྷ་ཆོས་ཀྱི་བྱིན་རླབས་སྙིང་དབུས་སུ་མེད་ན།།
སྔོ་ལྗང་གི་སྒོར་མོའི་ཁྲི་སྟེང་དུ་ཉལ་ཡང་།།
སྙིང་མེད་གྱི་ཤོག་བུ་ཁྲ་ཁྲ་ཞིག་སྟེང་དུ།།
ཕྱེ་ལེབ་ཞིག་བབ་དང་ཁྱད་པར་ནི་ཨེ་མཆིས།།

ལོ་ངོ་མང་པོའི་གོང་དུ་ཚོགས་ཐུན་ཞིག་གི་སྐབས་ཤོག་སྙིགས་ཤིག་སྟེང་བྲིས་པ་ད་ལན་འདིར་བཀོད།

སྡོམ་འཐག་ལ་མིག་ག་ཚོད་ཡོད་དམ།

༼སྡོམ་འཐག་ནི་འབུ་སྲིན་གཞན་དང་མི་འདྲ་བར་རྐང་ལག་བརྒྱད་ཡོད་ལ། འབུ་སྲིན་རྣམས་ཐག་པས་བསྡམས་པ་སོགས་བྱས་ནས་ཟ་བར་བྱེད་ཞིང་༼ཁྲག་གམ་བཅུད་འཇིབ་པ་༽ཡུལ་ལུང་དགའ་ཤེས་སུ་བྱིའུ་ཆུང་ཆུང་དེ་འདྲའང་ཟ་མཁན་ཡོད། བོད་ཀྱི་ཡུལ་ལུང་འགའ་ཤས་སུ་སྡོམ་འཐག་གི་མིང་ལ་རྒྱ་ཀ་ར་དང་། ཡང་ཁ་ཤས་སུ་འདྲེ་ཕོ་བ་ར་ཞེས་ཀྱང་འབོད་ཀྱི་ཡོད། སྡོམ་ཐག་ནི་སྡོམ་གྱི་སྐུད་པ་ཡིན། མིང་གི་རྣམ་གྲངས་ལ། བ་རྒྱ། བ་ཐག སྡོམ་སྐུད། སྡོམ་དྲ།༽

སྡོམ་འཐག་ལ་མིག་ག་ཚོད་ཡོད་དམ།
༼སྡོམ་འཐག་ཆེན་པོ་དེ་འདྲའི་གློག་བརྙན་གང་མང་འདོན་ཡོད་པ་དེ་ཚོ་འགའ་ཞིག་གི་ནང་སྡོམ་འཐག་གི་མིག་ནི་ཞེད་སྣང་ཚ་པོ་དེ་འདྲ་སྟོན་ཡོད་ནའང་དེ་དག་ནི་ཧོ་ལི་ཝུཌ་ཡི་རྟོག་བཟོ་ཙམ་ལས་དོན་དངོས་དེ་ལྟར་མིན།༽
༡༽ སྡོམ་འཐག་རིགས་འགའ་ཤས་ལ་མིག་དྲུག་དང་བཞི་དང་གཉིས་བྱས་པ་དེ་འདྲ་ཡོད་ཀྱང་སྡོམ་འཐག་ཕལ་མོ་ཆེར་མིག་བརྒྱད་ཡོད་ལ། ཁོང་ཚོའི་མིག་གི་གྲལ་སྒྲིག་སྟངས་ལས་ཚན་རིག་པ་ཚོས་སྡོམ་འཐག་དེ་རིགས་གང་ཡིན་ངོས་འཛིན་པར་ཡང་ཕན་ཐོགས་ཡོང་གི་ཡོད། དེས་ན་ཚན་རིག་མཁན་ཚོས་ཐག་ཉེ་ནས་སྡོམ་འཐག་གི་མིག་ལ་ལྟ་འདོད་ཡོང་ནས་ཐག་ཇི་ཉེ་ནས་ལྟ་བར་གྲ་སྒྲིག་བྱས་པ་རེད།

སྤྱིར་བཏང་སྡོམ་འཐག་གི་མགོ་བོའི་སྟེང་མིག་ཁ་ཤས་ཡོད་ནའང་མདུན་དུ་དེ་ལས་མང་བ་ཡོད། དེ་ལྟར་སྡོམ་འཐག་ལ་མིག་དེ་འདྲའི་མང་པོ་ཡོད་ནའང་ཡ་མཚན་པ་ཞིག་ལ་སྤྱིར་བཏང་སྡོམ་འཐག་ལ་མིག་གི་མཐོང་ཤུགས་ཡག་པོ་མེད། ཕལ་ཆེར་ཁོང་ཚོས་གཡས་གཡོན་དུ་འགུལ་བཞིན་པའི་སྣང་མུན་གྱི་དབྱིབས་ཙམ་རིག་གི་ཡོད་པ་ཡིན། སྡོམ་འཐག་གིས་རྔོན་རྒྱག་དུས་མིག་སྐྱོ་བོ་དེ་ལ་ཁྱད་དུ་འཕགས་པའི་གཡོ་འགུལ་ཚོར་ཤེས་དང་ཟས་ཚོར་ཤེས་ཀྱི་ནུས་པས་རོགས་རམ་བྱེད་ཀྱི་ཡོད།

སྡོམ་འཐག་གི་མིག་ནི་dragonflyའབུ་བླ་མ་མ་ནིའི་མིག་ནང་བཞིན་མིག་གཅིག་གི་ནང་མཐོང་ངོས་མང་པོ་ཡོད་པ་དེ་འདྲ་མིན་པར་སྤྱིར་བཏང་གི་མིག་མཐོང་ངོས་གཅིག་ཅན་དེ་འདྲ་ཡིན།
༢༽ དམིགས་བསལ་དཔག་འཆོང་སྡོམ་འཐག་jumping spiderགི་རིགས་ནི་མིག་གིས་ཧ་ཅང་ཡག་པོ་མཐོང་ཐུབ་ཀྱི་ཡོད། ཁོང་ཚོའི་མགོ་བོའི་མདུན་ཕྱོགས་སུ་མིག་ཧ་ཅང་ཆེན་པོ་དེ་འདྲ་ཡོད།

ར་ས་ཕོ་ཉས་དཔར་བླངས།

གོང་གི་འདྲ་དཔར་དེར་ཁྱེད་ཀྱི་ལྟས་ཚེ་དོ་སྣང་བྱ་དགོས་ས་གཉིས་ཡོད་པ།
༡ མིག་ནག་པོ་ཆེན་པོ་འདི་འདྲའི་གྲལ་ཡོད་པ།
༢ དཔར་རྒྱག་མཁན་ལ་ལྟ་བཞིན་ཡོད་པ།

དེ་གཉིས་ལ་འབྲེལ་བ་ཆེན་པོ་ཡོད། དཔག་འཆོང་སྡོམ་འཐག་གིས་མིག་ཆེན་པོ་དེ་ཚོས་དངོས་པོ་དཔེ་མང་པོ་མཐོང་ཐུབ་ཀྱི་ཡོད་ལ། དངོས་པོ་གང་ཞིག་འགུལ་བསྐྱོད་བྱས་པ་དང་མིག་དེ་ཚོ་བརྟག་ཞིབ་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད། དེས་ཁོང་ཚོར་དཔར་རྒྱག་རྒྱུར་དཀའ་ངལ་བཟོ་ཡི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་པར་ཆས་ཀྱི་ཤེལ་ཀོ་མཐོང་བ་དང་དེའི་སྟེང་འཆོང་སྡོད་ཀྱི་ཡོད། ཁོང་ཚོར་དཔར་ཞིག་རྒྱབ་པའི་རྗེས་སོ་སོའི་གདོང་པའམ་པར་ཆས་གང་རུང་གི་སྟེང་སྡོམ་འཐག་དེ་འཆོང་ཚར་བ་རེད།

སྡོམ་འཐག་དེ་རྒྱུན་ལྡན་ཞིག་མིན་པར་སྟོན་ཆེད་གཤམ་དུ་དཔག་འཆོང་སྡོམ་འཐག་གཞན་པ་ཞིག་གི་དཔར་བཀོད་ཡོད། སྡོམ་འཐག་དེར་མདུན་དུ་མིག་ཆེན་པོ་དེ་འདྲ་མཐོང་རྒྱུ་ཡོད་ལ། ད་ལན་སྟེང་ནས་དཔར་བཏབ་པས་སྡོམ་འཐག་དེར་མདུན་གྱི་མིག་བཞི་ཙམ་དུ་མ་ཟད་པ་ཤེས་ཐུབ་པ་ཡིན།

༣༽ མཇུག་ཏུ་སྡོམ་འཐག་ལ་མིང་གསར་པ་ཞིག་བཏགས་པ།

སྡོམ་འཐག་གི་མིང་གི་རྣམ་གྲངས། ལྟེ་བལ་ཅན། འཐག་མཁན། དྲ་བ་ཅན། སྤྲེའུ་འདྲ། བལ་ཅན། འབུ་སྡོམ། རྒྱ་ཀ་ར། འདྲེ་ཕོ་བ་ར་སོགས་སྔར་ནས་ཡོད་ལ་དེ་དག་སྟེང་། ད་ལན་ཁོ་བོས་མིང་གསར་པ་ཞིག་བཏགས་འདོད་པ་ནི་༼མིག་བརྒྱད་པ་༽ཞེས་པ་དེ་ཡིན། ཡང་རྐང་མིག་བརྒྱད་པ་ཞེས་ཀྱང་བཏགས་ཆོག

༸གོང་ས་མཆོག་དང་ཊེ་གྷར་ཝུཌ་Tiger wood།


ཊེ་གྷར་ཝུཌ་ཡིས་ཁོང་རང་ནང་ཆོས་ཀྱི་དམ་ཚིག་ལས་ལོག་ལམ་དུ་འགྲོ་བར་བརྗོད་པའི་སང་ཉིན་དེར་༸གོང་ས་མཆོག་གིས་རང་རང་སོ་སོས་ཚུལ་ཁྲིམས་སྲུང་བ་དེ་ནང་ཆོས་དཀྱིལ་ནས་རིན་ཐང་ཆེ་ཤོས་ཞིག་ཡིན་ཞེས་ཊེ་གྷར་ཝུཌ་ཡི་ཆགས་སྤྱོད་ཀྱི་མིང་རྗེས་སྐོར་ལ་གླེང་གནང་ཡོད།

དེ་ཡང་ལོ་སྔོན་མའི་སྤྱི་ཟླ་༡༡ཚེས་༢༧རེས་གཟའ་པ་སངས་ཀྱི་སྔ་དྲོའི་ཆུ་ཚོད་༢༌༣༠ཐོག་ཊེ་གྷར་ཝུཌ་ཡིས་རང་ཁྱིམ་གྱི་ཉེ་སར་མོ་ཊ་བརྡབ་སྐྱོན་ཤོར་བ་ལས་ཝུཌ་ཡི་ལོག་གཡེམ་གྱི་གནས་ཚུལ་མང་པོ་ཞིག་མི་མང་ཁྲོད་ཕྱིར་བསྒྲགས་བྱུང་བ་ལས། ཉེ་ཆར་ཊེ་གྷར་ཝུཌ་ཡིས་རང་གི་ནང་མི་དང་དགའ་མོས་བྱེད་མཁན་གྱི་ལྟད་མོ་བ། གྷོལྥ་golfརྩེད་མཁན་ཚོར་དགོངས་སེལ་ཞུས་ནས་ལོག་གཡེམ་གྱི་ལམ་བུ་དེ་དོར་ཡོད་འདུག་པ་དང་། གྷོལྥ་རྩེད་མགྲན་པ་དེས་རང་ཉིད་ཀྱི་ན་ཚ་༼ཆགས་སྤྱོད་༽ལ་ནང་ཆོས་ཀྱིས་ཚོད་འཛིན་བྱས་ནས་ཕན་ཐོགས་བྱུང་བ་དང་། དེ་ཡང་༸གོང་ས་མཆོག་ནས་བརྒྱུད་པ་ཡིན་ཞེས་བསྒྲགས་འདུག དེ་ཡང་ཝུཌ་ཡིས།

"ཁྱེད་ཀྱིས་དེར་ནང་ཆོས་ཟེར་རམ་ཡང་ན་ཆོས་ལུགས་གང་ཞིག་གི་མིང་བཏགས་ནའང་། སོ་སོས་ཚུལ་ཁྲིམས་སྲུང་རྒྱུ་དེ་གལ་ཆེ་ཤོས་རེད། དེ་ཡང་རྗེས་འབྲས་ལ་དྲན་ཤེས་རྟེན་པའི་ངང་ནས།" "ཕྱི་རོལ་གྱི་དངོས་པོ་དང་སོ་སོ་རང་ཉིད་བཅས་ལ་སྲེད་པའི་དབང་གིས་སྡུག་བསྔལ་བྱུང་བ་དང་། དོན་སྙིང་མེད་པའི་སྲུང་སྐྱོབ་འཚོལ་བ་ཡིན་པར་ནང་ཆོས་ཀྱི་སློབ་ཀྱི་འདུག དེས་ང་ལ་ཀུན་སློང་ངམ་རྣམ་རྟོག་ཐམས་ཅད་སྒོ་རྒྱག་རྒྱུ་བསླབ་བྱུང་།" ཞེས་བརྗོད་འདུག

འོན་ཀྱང་གསར་འགོད་པ་ཚོས་༸གོང་ས་མཆོག་ལ་དེའི་ཐད་བཀའ་དྲི་ཞུ་དུས་༸གོང་ས་མཆོག་གིས་ད་བར་ཊེ་གྷར་ཝུཌ་ཞེས་པ་ཐོས་མྱོང་མེད་གསུངས་འདུག་པ་དང་། ཡང་༸གོང་ས་མཆོག་གིས་རྩེད་རིགས་ཀྱི་ཐད་ལ་རྒྱུས་མངའ་མེད་པ་དེ་ངའི་ཞབས་འདྲེན་ཡིན་གསུངས་འདུག འོན་ཀྱང་གནས་ཚུལ་རྣམས་ཞུས་པའི་རྗེས་སུ་༸གོང་ས་མཆོག་གིས་"འདི་ལྟར་ལོག་གཡེམ་གྱི་ངོ་བོར་འགྱུར་ཟིན་པའི་རྗེས་སུ་ཆོས་ལུགས་ཚང་མར་བསམ་ཚུལ་གཅིག་པ་ཡོད།" "ནང་ཆོས་དང་ཆོས་ལུགས་གཞན་པ་ག་རེ་ལབ་ནའང་སོ་སོས་ཚུལ་ཁྲིམས་སྲུང་རྒྱུ་དེ་གལ་ཆེ་ཤོས་ཡིན།" "དེ་ཡང་དྲན་ཤེས་བཞིན་གྱིས་ཟིན་པའི་སྒོ་ནས་"ཞེས་ཁ་བསྐོང་མཛད་ནས་གསུངས་འདུག

ཊེ་གྷར་ཝུཌ་ནི་༡༩༧༥ ལོར་ཨ་མི་རི་ཀའི་ཀ་ལི་ཕོར་ནིཡ་californiaམངའ་ཁུངས་སུ་ཨ་མི་རི་ཀའི་དམག་ཟུར་ཝུཌ་woodཟེར་བ་ཞིག་དང་ཁོང་གི་མནའ་མ་ཐ་ཡེ་ལིན་ནས་ཡིན་པ་ཞིག་ལས་སྐྱེས་པ་དང་། ཊེ་གྷར་ཞེས་བསྡུས་མིང་དུ་ཕའི་གྲོགས་པོ་ཝི་ཏི་ནམ་དམག་མི་ཞིག་ཡོད་པ་དེ་ལས་བཏགས་འདུག ཕྱིས་སུ་གྷོལྥ་ཡག་པོ་རྩེད་པ་ལས་རྒྱལ་ཁ་ཆེན་པོ་ཐེངས་མ་༡༤་ཐམ་པ་ལེན་པས་ཁོ་རང་དུས་རབས་ཀྱི་རྩེད་འགྲན་པ་ཡག་ཤོས་དང་ལམ་ལྷོངས་ཆེ་ཤོས་དེ་ཆགས་ཡོད།

༸གོང་ས་མཆོག་ཊེ་གྷར་ཝུཌ་རང་ཉིད་བསྡད་སའི་མངའ་སྡེ་ཕོ་ལོ་རི་ཌ་floridaནང་དེ་རིང་རེས་གཟའ་ཟླ་བའི་ཉིན་ཆིབས་བསྒྱུར་གནང་གི་ཡོད་ནའང་། དེའི་ཞོགས་པ་གྷོལྥ་རྩེད་འགྲན་པ་ཨང་དང་པོ་ཊེ་གྷར་ཝུཌ་ཁོ་རང་མིས་སིས་སིབ་པི་mississippiམངའ་ཁོངས་སུ་sex rehabilitation clinic སྨན་ཁང་ལ་འགྲོ་དགོས་པས་རང་ཉིད་ཀྱིས་ཡང་བསྐྱར་ཉམས་སུ་ལེན་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་མཇལ་ཐུབ་ཀྱི་མེད་པ་འདྲ་འདུག

གོང་གསལ་གནས་ཚུལ་རྣམས་དབྱིན་ཡིག་གི་གསར་ཤོག་དང་དྲ་ཚིགས་ཁག་ལས་བཏུས།

༸གོང་ས་མཆོག་དང་ཨོ་བྷ་མ་མཇལ་འབྲེལ།

རྒྱ་ནག་གི་ངོ་རྒོལ་གྱི་གནོད་ཤུགས་ལ་ཇི་མ་སྙམ་པར་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་དང་ཁ་སེང་རེས་གཟའ་ཕུར་བུའི་ཉིན་མཇའ་འབྲེལ་གནང་ཡོད།



༸གོང་ས་མཆོག་གིས་བསིལ་ལྷམ་བཞེས་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཕེབས་པ་དེས་ཁོང་མི་དཀྱུས་མ་ཞིག་ཡིན་པ་མི་མཚོན་པར་ཁྱད་དུ་འཕགས་པའི་སྐྱེ་བོ་ཞིག་ཡིན་པར་ཤེས་ལྡན་པ་ཚོས་མཐོང་ཡོད་འདུག





༸གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་གནང་བའི་སྐབས་གསར་འགོད་པ་ཚང་མ་རྒྱང་རིང་དུ་ཕུད་ཡོད་འདུག







༸གོང་ས་མཆོག་གིས་ཁོང་གི་བོད་ལ་ཚད་མཐོའི་རང་སྐྱོང་བརྩོན་གྱི་ཡོད་པ་ལས་རང་བཙན་བརྩོན་གྱིས་མེད་གསུངས་ཡོད་ཀྱང་། པེ་ཅིང་གིས་ནོར་ཝེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལ་འཇིགས་སྣང་ཅན་གྱི་ཁ་བྲལ་རིང་པ་རེད་ཞེས་ངོས་འཛིན་བྱེད་ཀྱི་ཡོད།

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་མ་ཛ་སུས་ཨོ་བྷ་མས་༸གོང་ས་མཆོག་ལ་མཇལ་འཕྲད་བྱས་པ་དེས་དེ་སྔ་ཨ་མི་རི་ཀས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་ལ་གླེང་སློང་དང་རྒོལ་བ་རེད་ཞེས་ལབ་ཡོད།

ཨོ་བྷ་མས་བོད་ཀྱི་ཆོས་དང་རིག་གཞུང་། འགྲོ་བ་མིའི་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱ་རྒྱུ་ཡིན་པ་བརྗོད་འདུག

ད་ལན་༸གོང་ས་མཆོག་གིས་ཨ་རིའི་སྲིད་ཟུར་ཁི་ལི་ཌོན་གྱི་ལྕམ་ཧེ་ལེ་རི་དང་ཡང་མཇལ་འཕྲད་གནང་ཡོད་པ་དང་། ད་ལན་ཨ་རི་སྲིད་འཛིན་དང་མཇལ་འཕྲད་གནང་བ་དེ་སྲིད་དོན་གྱི་འབྲེལ་བའི་ཆ་ནས་ཡིན་འདུག

ལོ་གསར་ལ་བྲིས་པའི་སྙན་ཚིག ༼བཀྲ་ཤིས་བདེ་ལེགས།༽

རབ་ཡངས་གཤོག་ཟུང་མཁའ་རུ་བརྐྱངས་ནས་ངང་པ་ཁྱོ་ཤུག་བགྲོད་པའི་ཤུལ།།
ཉི་མ་དམར་པོའི་བཞིན་གྱི་དཀྱིལ་འཁོར་སྐྱོ་ཉམས་དུ་མས་ཁེངས་ནས་ནི།།
རྩེ་ཤིང་ནགས་ཀྱི་མགོ་སྤུ་ཟེང་བའི་རི་བོ་ཕ་གིའི་རྒྱབ་ཕྱོགས་སུ།།
མི་འདོད་ལས་ཀྱི་རླུང་བུས་དེད་དེ་ལོ་འདིའི་གྱེས་མཇལ་ཐ་མ་ཡིན།།

སྨག་རུམ་ཁྲོད་དུ་འོད་མདངས་ཉམས་མེད་ཆེམ་ཆེམ་སྐར་མའི་ཚོགས་འཁོར་འདི།།
མི་རིགས་ཆེད་དུ་ཟུངས་ཁྲག་ཟད་པའི་རྒྱལ་གཅེས་དཔའ་བོའི་རྣམ་ཤེས་འདྲ།།
ས་ཡ་དྲུག་གི་བདེན་དོན་རྩོད་པའི་མི་ཕམ་ལྕགས་ཀྱི་སྟག་རྒོད་དེས།།
བདེ་སྐྱིད་རང་དབང་སླར་གསོ་བྱེད་པར་སྨོན་སྨོན་བྱེད་སྙམ་འཕྱང་མོ་ཉུག།

ཁུ་སིམ་ལོ་མཐའི་མཚན་མོ་འདི་ལ་དབུགས་ཀྱི་རྒྱུ་བའི་བར་མཚམས་ན།།
རེ་སྨོན་ལྟོགས་པའི་སྟག་གིས་འདྲེད་པས་སྙིང་གི་འཕར་ལྡིང་ཇི་ཆེ་རེད།།
གཡོ་རྫུན་བཙན་ཤེད་འཕར་སྤྱང་དེ་ཚོ་རིང་སར་སྐྲོད་པའི་ཡིད་ཆེས་དང་།།
རྒྱལ་བའི་གསེར་ཁྲི་གངས་རྩེར་སྟེགས་པའི་རེ་འདུན་དེ་ཡིས་སྙིང་རུས་བཙུགས།།

སང་གི་ཐོ་རངས་སྐད་ཆེན་ཤར་ནས་སྐྱ་རེངས་དང་པོ་ཟིན་པ་ན།།
ལྕགས་སྟག་ངར་མའི་ལོ་ལ་ཆིབས་ནས་བོད་ཀྱི་རྩ་དོན་རྩོད་དུ་འགྲོ།
རིང་མིན་བློ་ལྡན་རི་བོང་སླེབས་དུས་གངས་ཅན་བོད་ཀྱི་ཞིང་ཁམས་སུ།།
གཞིས་བྱེས་མཉམ་འཛོམ་ཉི་གཞོན་འོག་ན་སྤྲོ་སྐྱིད་ངང་ནས་ལོ་གསར་ཆོག།

གྲྭ་ཆུང་ལོ་༡༢ཅན་གྱིས་ཀྱང་ལོ་གསར་མི་གཏོང་ཚུལ་བཤད་པ།

རེས་གཟའ་ཟླ་བའི་ཉིན་ངོས་རང་མཐོ་ལྡིང་དགོན་པར་འགྲོ་དུས་དགོན་པའི་འདུ་ཁང་སྒོ་རྒྱབ་འདུག་པ་དང་། ཟུར་གྱི་གྲྭ་ཤག་གི་བང་འཁྱམས་སུ་གྲྭ་ཆུང་ཞིག་བསྡད་འདུག ང་དང་ངའི་རོགས་པ་གཉིས་མཐོང་བ་དང་གྲྭ་ཕྲུག་དེས་ནང་རྟེན་མཇལ་བར་སླེབས་ཡིན་པས་ཟེར་བྱུང་བས་ངས་ཡིན་བྱས་པ་དང་། གྲྭ་ཕྲུག་དེས་མགྱོགས་མྱུར་ཐོག་བརྩེགས་གཉིས་པའི་སྟེང་རྒྱུགས་ཕྱིན་སོང་། དེ་ནས་གྲྭ་ཆུང་དེ་ལྡེ་མིག་ཞིག་ཁྱེར་ཡོང་ནས་རྒན་ལགས་ད་ལྟ་ཁ་ལག་མཆོད་ཀྱི་འདུག ཁྱེད་གཉིས་ཡར་ནང་ལོགས་ལ་སྒུག་སྡོད་ཟེར་ནས་འདུ་ཁང་གི་སྒོ་ཕྱེ་སོང་། འདུ་ཁང་ནང་དུ་འགྲོ་དུས་འདུ་ཁང་གི་ཆེ་ཆུང་ནི་གྲྭ་གྲངས་ལྔ་བཅུ་ཙམ་ཤོང་བ་ཞིག་འདུག་པ་དང་དབུས་སུ་༸རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ཞིག་ཁ་མར་སློག་ནས་འདུག ང་དང་ངའི་རོགས་པ་གཉིས་གྲལ་གཡས་གཡོན་གྱི་ཚོགས་གདན་སྟེང་བསྡད་ནས་ངས་གྲྭ་ཕྲུག་ཆུང་ཆུང་དེར་སྐད་ཆ་བཤད་མགོ་བཙུགས་པ་ཡིན། "བུ་ཁྱེད་ཀྱི་ནང་གང་དུ་ཡོད།" གྲྭ་ཕྲུག་དེས་"སིཀ་ཀིམ་ལ་sikkim"ལ་ཡོད་ཟེར། ངས་"རང་ལོ་ག་ཚོད་ཡིན་" "ལོ་བཅུ་གཉིས་ཡིན"ཞེས་ཁོས་ལན་བཏབ། དེ་ནས་ངའི་རོགས་པ་དེས་ཁོ་ལ་ལག་པ་གཡོན་ཕྱོགས་སུ་བཞུགས་ཁྲི་ཞིག་འདུག་པ་དེ་སུས་རེད་ཟེར་དྲིས་སོང་བས་གྲྭ་ཕྲུག་དེས་རྒན་གྱི་རེད་ཟེར། ལག་པ་གཡས་ཕྱོགས་སུ་ཁྲི་གཅིག་འདུག་པ་སུས་རེད་ཟེར་དུས་གྲྭ་ཕྲུག་དེས་འདི་ངས་ཤེས་ཀྱི་མེད། གང་ཡིན་ཟེར་ན་ང་འདིར་སླེབས་ན་ལོ་གསུམ་མ་གཏོགས་འགྲོ་གི་མེད་ཟེར། ངས་རོགས་པ་དེས་ཀུ་རེའི་ཚུལ་དུ་"ཨ་ནེ། ཁྱེད་ཚོ་དགོན་པར་ལོ་གསར་གཏོང་གི་མིན་ནམ། ང་ཚོའི་དགོན་པར་ལོ་གསར་རེད་འདུག་ད།"ལབ་སོང་བས། གྲྭ་ཕྲུག་དེས་"ང་ཚོ་ད་ལོ་ལོ་གསར་ཡོད་མ་རེད།" "ག་རེ་ཡིན་ནམ"ངས་དྲིས། གྲྭ་ཕྲུག་དེས་"གང་ཡིན་ཟེར་ན། ད་ལོ་བོད་ནང་རྒྱ་མིས་བོད་མི་མང་པོ་བསད་ཙང་ང་ཚོ་ལོ་གསར་གཏོང་གི་ཡོད་མ་རེད།"ཞེས་ལབ་སོང་བས། ངའི་རོགས་པ་དང་ང་གཉིས་ཧ་ལས་སོང་། གཞིས་གྲོང་ནང་གི་དགོན་པའི་གྲྭ་ཕྲུག་ཞིག་གིས་སྐད་ཆ་ཆེན་པོ་དེ་འདྲ་བཤད་དུས་ང་ནི་ཧང་སངས་ཤིང་ཡི་རང་ཤོར་སོང་། ང་ཚོ་གྲྭ་སའི་ནང་དུ་ནི་ལོ་གསར་མགོ་བཙུགས་པ་དང་མི་རྒན་པ་ཁ་ཤས་ཀྱིས་ཀྱང་གཞས་སྐད་ཆེན་པོ་དེའང་གཏོང་གི་འདུག་ལ་ད་དུང་ལོ་གཞོན་ཞིག་གིས་ང་ལ་ལོ་གསར་མི་གཏོང་ན་ཕན་ཐོགས་མེད་ཁར་སོ་སོ་གྱོང་རེད། བོད་ནང་མི་བསད་པར་བལྟ་རྒྱུ་མེད། ལོ་རྟག་པར་བསད་ཀྱི་ཡོད་རེད་ཟེར་གྱི་འདུག

མཐོ་ལྡིང་དགོན་པར་ཕྱིན་པ།


དེ་རིང་རེས་གཟའ་ཟླ་བའི་གུང་གསེང་གི་སྐབས་འཚོལ་ནས་མོན་གྷོ་གཞིས་ཆགས་ཀྱི་གཞིས་གྲོང་ལྔ་པར་ཡོད་པའི་མཐོ་ལྡིང་དགོན་པ་ཆེད་མངགས་མཇལ་དུ་ཕྱིན་པ་ཡིན། ད་བར་མོན་གྷོ་ས་གནས་དེའི་ཆུ་འཐུང་ནས་ལོ་ངོ་ ༢༤ འགྲོ་ཡི་ཡོད་ནའང་གཞིས་གྲོང་ལྔ་པའི་མཐོ་ལྡིང་དགོན་པར་འགྲོ་མ་མྱོང་བས་ད་ལེན་ཆེད་མངགས་འགྲོ་དོན་དེ་ཡིན།

མཐོ་ལྡིང་དགོན་པ་ནི་མོན་གྷོ་གཞིས་ཆགས་སུ་ཕྱི་ལོག་ནས་ཕེབས་མཁན་ཚོས་ཆོས་མཇལ་དུ་འགྲོ་སའི་དགོན་པ་ཡག་ཤོས་ཞིག་ཡིན། དགོན་པ་དེར་གྲྭ་གྲངས་མང་པོ་མེད་ནའང་། དེར་ནང་རྟེན་སྙིང་པ་དེ་འདྲ་མཇལ་ཁར་བཏང་ནས་ཆོས་ཕྱོགས་ཀྱི་འགྲེལ་བཤད་ཞེ་དྲག་རྒྱབ་ཀྱི་ཡོད་པས། དེར་ཕྱིན་པ་ནི་དགོན་པ་གང་ཞིག་ཏུ་རྟེན་སྐུ་གཟུགས་མཇལ་ཙམ་བྱས་ནས་ཡོང་བ་ལས་ལེགས་པ་ཡོད།



མཐོ་ལྡིང་དགོན་པའི་ངོ་སྤྲོད་མདོར་བསྡུས།
ཁོ་བོས་དགོན་པ་དེར་གནས་བཤད་མཁན་རྒན་ལགས་ཞིག་འདུག་པ་དེར་དགོན་པའི་ངོ་སྤྲོད་རགས་ཙམ་བཀའ་དྲི་ཞུས་པར། རྒན་ལགས་དེས་བརྗོད་དོན།


བོད་དུ་མཐོ་ལྡིང་དགོན་པ་རྒྱབ་ནས་ལོ་ཆིག་སྟོང་ཆིག་བརྒྱ་འགྲོ་ཡི་ཡོད་པ་དང་། དགོན་པ་དེ་ཕྱག་བཏབ་མཁན་ནི་ལོ་ཙཱ་བ་རིན་ཆེན་བཟང་པོ་སྐུ་ཕྲེང་དྲུག་པ་ཡིན་ཞིང་ཁོང་ནི་པི་ཏི་རྟ་དབང་དགོན་པ་དང་ལ་དྭགས་ཨ་ཆི་དགོན་པ་ཕྱག་བཏབ་མཁན་ཡང་ཡིན། ད་ལྟའི་བར་ལོ་ཙཱ་བ་རིན་ཆེན་བཟང་པོ་སྐུ་ཕྲེང་བཅུ་དགུ་ཕེབས་ཟིན་ཡོད་པ་དང་། བཅུ་དགུ་པ་ནི་ད་ལྟ་ལྡི་ལིར་བཞུགས་ཡོད་ཟེར།

མཐོ་ལྡིང་དགོན་པ་དེ་ཕྱག་བཏབ་ཚུལ་ཡང་མཚན་གང་གཅིག་ལ་ས་འདྲུས་པ་དང་ལྡིང་ཆ་རྒྱབ་པ་དང་རྒྱ་ཕིགས་ཕུབས་པ་དང་སྐུ་གཟུངས་ཐུགས་རྟེན་རབ་གནས་དང་བཅས་པ་གནང་པའི་བཤད་སྲོལ་ཡོད་ཟེར།



མཐོ་ལྡིང་ཟེར་དོན་ནི་ན་ལེནྜ་ནས་མགོན་པོ་གུར་མཐོ་ལྡིང་ལ་ཆོས་ཐོགས་ལ་ཕེབས་ནས་རི་ཞིག་གི་རྩེར་བབ་ནས་འདི་མཐོ་ལྡིང་མིན་ནམ་གསུངས་པས། དེར་མེང་ནམ་དགོན་པ་ཆགས་པ་ཡིན། དགོན་པ་དེ་ནི་མཐོ་ལྡིང་དགོན་པ་ནས་ཀི་ལོ་མི་ཊར་གཅིག་གཉིས་ས་ལ་ཡོད། དེ་ནས་དགོན་པོས་གནྡི་ལ་ཆིབས་ནས་མཐོ་པོར་ནམ་མཁའ་ལ་་ལྡིང ནས་མཐོ་ལྡིང་དགོན་པ་རྒྱག་ས་དེར་ཕེབས་པས་མཐོ་ལྡིང་དགོན་པ་ཞེས་བྱུང་བ་ཡིན་ཟེར། ཕྱི་ལོ་༡༩༥༩ལོར་དགོན་པའི་ནང་རྟེན་བོད་ནས་འདིར་ཁྱེར་ཡོང་མཁན་མི་༦༠ཡོད་ཀྱང་ད་ལྟ་ནི་ཚང་མ་འདས་ཚར་བ་རེད། ད་བར་འདི་ནས་ནང་རྟེན་ཚང་མ་རྐུ་ལ་མ་ཤོར་བ་དང་ཁ་མ་འཐོར་བར་བདག་གཉེར་བྱེད་ཡོད། ཆོལ་ཁ་གསུམ་གྱི་མི་སུ་ཡོང་ནའང་འགྲེལ་བཤད་དེ་ག་རྒྱག་གི་ཡོད། དུས་ཚོད་བྱུང་ན་འགྲེལ་བཤད་རྒྱས་པོ་དེ་འདྲའང་རྒྱག་གི་ཡོད་ཟེར། ད་ལྟ་འདིར་ནི་གྲྭ་གྲངས་ནི་བཅུ་གསུམ་ཙམ་ཡོད་པ་དང་། མཚན་ཉིད་དཔེ་ཆ་སློབ་གཉེར་བྱེད་རྒྱུ་མེད་རུང་རྒྱུན་ལྡན་ཚོགས་འཚོགས་པ་དང་། འདོན་ཁ་འཕྲད་སྦྱངས་པ་དང་ཞབས་བརྟན་འགྲོ་བ་སོགས་བྱེད་ཀྱི་ཡོད་ཟེར། ༼གོང་གསལ་འགྲེལ་བརྗོད་དེ་དག་དུང་དཀར་ཚིག་མཛོད་དང་མི་འདྲ་བ་འདུག་ཀྱང་། གནས་བཤད་པས་གང་བཤད་བཞིན་འདིར་བཀོད་པ་ཡིན།༽
མཐོ་ལྡིང་དགོན་པའི་ནང་རྟེན།
དགོན་པ་དེའི་ནང་རྟེན་དེ་ཚོ་ནི་ལོ་ཆིག་སྟོང་གཅིག་བརྒྱ་ལྷག་པ་ཤ་སྟག་ཡིན་ཟེར་གྱི་འདུག ནང་རྟེན་གྱི་ངོ་བོ་ལ་གླིང་སེང་ཆེན་རྒྱལ་པོའི་ཐུགས་རྟེན་ཡིན་ཟེར་བའི་ཞལ་ཐང་དང་། འབྲོང་གི་རྭ་ཅོ། སྲིན་མོའི་པགས་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབུ་ཐོད་ཡིན་ཟེར་བ་དང་། དེ་བཞིན་རྟེན་སྐུ་འདྲ་མིན་སོགས་གང་མང་མཇལ་རྒྱུ་འདུག་པས། ཞིབ་རྒྱས་འདིར་བྲི་མ་ཁོམ་པས་རེ་ཞིག་དེ་ཙམ་ཡིན།

2010-05-14

དུས་འགྱུར་དུས་དེབ་དང་དེའི་ནང་གི་རྩོམ་ཡིག་གཅིག་ལ་རགས་ཙམ་དཔྱད་པ།

གྲོགས་པོ་ཞིག་བརྒྱུད་ནས་དུས་འགྱུར་དུས་དེབ་བཅུ་པ་ཞིག་གཡར་བྱུང་། ངས་དེ་སྔ་དུས་འགྱུར་དུས་དེབ་མཐོང་མ་མྱོང་བས་དུས་དེབ་གསར་པ་ཞིག་རགས་པ་དང་དགའ་ཚོར་ཆེན་པོས་བཀློག་པར་འགྲོ་དུས། ཏག་ཏག་ས་རྩོད་ཆུ་རྩོད་རྒྱག་པ་ལྟ་བུའི་འཇང་དགུན་ཆོས་ཞེས་པའི་རྩོམ་ཡིག་དེ་འཁེལ་འདུག ངས་རྩོམ་ཡིག་དེ་ཆ་ཚང་བཀླགས་པས་བྲི་འགྱུར་གྱི་རྩོམ་ཡིག་དེ་འབྲི་འདོད་བྱུང་།



༡ དུསའགྱུར་དུས་དེབ། ད་བར་འདོན་ཐེངས་བཅུ་བཏོན་ཡོད་ཚུལ་འདུག་པ་དང་། དེར་རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་རྩོམ་ཡིག་འདུག

ལེགས་ཆ། དུས་དེབ་ཀྱི་ཡིག་གཟུགས་ཧི་གཟུགས་ཡིན་པས་སོ་སོའི་རྩོམ་ཡིག་ལ་ཡིག་ནོར་དང་ཆད་ལྷག་ཉུང་བའི་དགེ་མཚན་ཡོད་པ་དང་། དུས་དེབ་ཀྱི་རྒྱབ་མདུན་ནས་སྒྱུ་རྩལ་མཚོན་པ་དང་། ལོ་རེར་འདོན་ཐེངས་མང་པའི་དགེ་མཚན་འདུག

ཞན་ཆ། དེའི་ནང་དབྱིན་ཡིག་གི་རྩོམ་ཡིག་བྲི་སའི་ས་དམིགས་ཆད་འདུག་པ་དང་། ཁ་བྱང་དབྱིན་ཡིག་ཏུ་བྲིས་པའི་ནང་Changing Time ཞེས་བྲིས་འདུག་པ་དེ་Changing Timesབྲི་དགོས་འདུག་སྙམ། གང་ཡིན་ཟེར་ན་མང་ཚིག་དང་ཉུང་ཚིག་གི་འགྲོ་སྟངས་ཡོད།

༢ ས་རྩོད་ཆུ་རྩོད་རྒྱག་པ་ལྟ་བུའི་འཇང་དགུན་ཆོས་ཞེས་པའི་རྩོམ་ཡིག་ལ་རགས་ཙམ་དཔྱད་ན།
རྩོམ་ཡིག་དེ་ད་ལོ་འཇང་དགུན་ཆོས་སུ་མཐོང་བའི་མྱོང་ཚོར་དམར་རྗེན་ལྟ་བུར་བྲིས་འདུག་པ་ཡི་རང་གི་གནས་སུ་འདུག་མོད། རྩོམ་ཡིག་དེའི་ནང་དོན་གཉིས་ལ་ཁོ་བོས་རང་གི་འདོད་ཕྱོགས་བཤད་ན།



ཀ༽

རྩོམ་ཡིག་དེ་ནང་<<འགའ་ཤས་ཀྱིས་ཡིག་ཆའི་ཚིག་ཟིན་ཤོར་ན་སྡོམ་པ་ཤོར་ན་ཡང་དེ་ལས་ལྷག་པའི་འགྱོད་པ་ཞིག་སྐྱེ་ཨེ་འོང་སྙམ་པ་འདུག>>ཞེས་བྲིས་པར།
ངས་བྱས་ན། དམ་བཅའ་སྡོད་མཁན་དེས་སོ་སོའི་གྲྭ་ཚང་གི་ཡིག་ཆའི་ཚིག་ཟིན་མ་ཤོར་བར་ཟིན་དགོས་སྙམ། གཞན་དུ་ན། འཇང་དགུན་ཆོས་སྐབས་ལན་རྒྱག་མཁན་དེ་ཚོས་གང་དྲན་དྲན་ལབ་ནས་རྟགས་བསལ་གཏོང་རྒྱུ་ཁག་པོ་བྱེད་ཀྱི་རེད། གལ་ཏེ་རྗེ་ཡབ་སྲས་ཀྱི་གཞུང་ཚིག་ཟིན་དགོས་ཟེར་ན་ཁག་པོ་རེད། གང་ཡིན་ཟེར་ན་མཁས་པ་མི་འདྲ་བ་མང་པོའི་འདོད་པ་ཡིན་སྟབས་མཐའ་གཅིག་ཏུ་ཚིག་ཟིན་མཐུན་ཐབས་མེད། སོ་སོའི་ཡིག་ཆ་ནི་ཕལ་ཆེར་མཁས་པ་གཅིག་གིས་མཛད་པ་ཡིན་དུས་ཟིན་ན་ཟིན་ཐུབ་བསམས་པ་ཡོད་པ་ཡིན། འོན་ཀྱང་ཟིན་སྟངས་ནི་ལྐུགས་པ་ཨུ་ཚུགས་བྱས་མགོ་ལ་རྡོ་ཞུས་ནའང་གློད་ཀྱི་མིན་ཟེར་བ་ལྟ་བུ་མིན་པར་གཞུང་སྔ་ཕྱི་ཁས་ལེན་འགྲོ་སྟངས་དང་འདོད་ཚུལ་ཤེས་པའི་སྒོ་ནས་འགལ་མེད་ཀྱི་ལན་བཏབ་ནས་ཟིན་དགོས་སྙམ།

ཁ༽

རྩོམ་ཡིག་དེ་ནང་<<དཔེར་ན་སེ་ར་ལྟ་བུར་མཚོན་ན་ལོ་རེའི་རྩོད་རྒྱུགས་བརྒྱ་ཆའི་ཨང་རིམ་ལྟར་གྱིས་འཇང་དགུན་ཆོས་ལ་མངགས་ཀྱིན་ཡོད་པ་རེད། གལ་སྲིད་ཁྱེད་རང་འཇང་དགུན་ཆོས་ལ་ཁས་ཚར་ན་དགོངས་པ་ཞུ་རྒྱུ་ཡང་ཁག་པོ་ཡིན། ནད་པ་དང་ལས་དོན་དམིགས་གསལ་བ་མ་གཏོགས་ངེས་པར་འགྲོ་དགོས་པ་རེད། འོན་ཀྱང་ཁྱེད་རང་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་མ་ལོན་ན་སོང་ན་ཉེས་ཆད་ཡོད་པ་རེད། འདི་ནི་ཧ་ཅང་ལེགས་པའི་དོན་དག་ཅིག་རེད། དེ་མིན་གདན་ས་གཞན་ཁག་ཅིག་གིས་འཛིན་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་གསུམ་ངེས་པར་འགྲོ་དགོས་པ་རེད། གཞན་རང་རང་འགྲོ་འདོད་ཡོད་ཚེ་སོང་ན་འགྲིག་གི་ཡོད་པ་དང་མ་སོང་ཡང་མི་སྐྱོན། འདི་ནི་སྐྱོན་ཆ་ཆེན་པོ་ཞིག་རེད། >>ཞེས་བྲིས་པར།

ངས་བྱས་ན། ད་ལྟ་སེ་རས་ལག་བལྟར་བྱེད་བཞིན་པ་དེ་ཧ་ཅང་ལེགས་པའི་དོན་དག་ཅིག་དང་། གདན་ས་གཞན་གྱིས་བྱས་པ་དེ་སྐྱོན་ཆ་ཆེན་པོ་ཞིག་མ་རེད་སྙམ། གང་ཡིན་ཟེར་ན། ལོ་ངོ་དྲུག་བདུན་སྔོན་ངའི་ངོ་ཤེས་པའི་སྤྲུལ་སྐུ་ཞིག་འབྲས་སྤུངས་ལ་དང་བ་ཆེན་པོས་འཇང་དགུན་ཆོས་སུ་བསླབ་གཉེར་ལ་སླེབས་སོང་། བདུན་ཕྲག་གཅིག་ཙམ་གྱི་རྗེས་ཁོང་སེ་ར་ནས་དགེ་བསྐོས་ཀྱིས་ཁྱེད་བརྒྱ་ཆ་མི་ལངས་པས་ཚུར་ལོག་ཤོག དེ་མིན་ལས་སླ་པོར་བཞག་གི་མིན་ཟེར་ནས་ཕར་ལོག་དགོས་པ་བྱུང་སོང་། དེ་དུས་ངས་ཁོང་ལ་སྙིང་རྗེ་སོང་། སློབ་གཉེར་བྱ་རྒྱུར་ཡང་བཀག་འགོག་བྱེད་ཀྱི་འདུག་བསམས་བྱུང་། ཕྱོགས་གཞན་ནས་ཀྱང་འཇང་དགུན་ཆོས་ལ་འགྲོ་རྒྱུ་མ་ཁོམ་པས་གྲྭ་པ་ཁ་ཤས་ཀྱིས་ད་ལོ་དཔེ་ཆ་ཞེ་དྲག་ལྟ་མི་དགོས། རྒྱུགས་སྤྲོད་ཀྱང་ཡག་པོ་གཏོང་མི་ཉེན། འཇང་དགུན་ཆོས་ལ་འགྲོ་རྒྱུ་འཁེལ་ཡོང་ཟེར་ནས་དཔེ་ཆ་ལྟ་རྒྱུར་སྐྱོན་ཆ་ཆེན་པོ་ཤོར་ཉེན་ཡོད། ཡང་རིག་པ་སྐྱོ་བ་དེ་འདྲ། ད་ལོ་འཇང་དགུན་ཆོས་ལ་ཕྱིན་ནས་ཤུགས་རྒྱབ་ནས་རིགས་ལམ་ཆགས་པ་བྱས་དགོས་བསམས་ཀྱང་། རྒྱུགས་སྤྲོད་ལམ་འགྲོ་མ་རྒྱུགས་པའམ་རིག་པ་ཅུང་སྐྱོ་བས་བརྒྱ་ཆ་མ་ལོན་ནས་འཇང་དགུན་ཆོས་ཀྱི་གོ་བསྐལ་ཤོར་ནས་གཞར་ཡང་ཡར་རྒྱས་འགྲོ་མ་ཐུབ་པར་ལྷག་སོང་བ་ཡང་ཡོང་སྲིད་པ་ཡིན།

དེས་ན། འཇང་དགུན་ཆོས་འཚོགས་པའི་དམིགས་ཡུལ་ནི་གྲྭ་པ་མཁས་པ་རྐྱང་རྐྱང་འཛོམས་ནས་འགྲན་བསྡུར་བྱ་ས་ཞིག་མིན་པར། སློབ་གཉེར་ཡར་རྒྱས་ཡོང་རྒྱུ་དང་རིགས་ལམ་གྱི་རྣམ་དཔྱོད་འཕེལ་རྒྱུ་དེ་ཡིན་པར་སོང་། གདན་ས་གཞན་གྱི་བྱེད་ལུགས་དེ་ནི་སྐྱོན་ཆ་ཆེན་པོ་ཞིག་མིན་པར་ལེགས་ཆ་ཆེན་པོ་ཞིག་རེད་བསམས། ཨ་ཕོ་རང་གི་འཇོན་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བའི་དཔེ་ལྟར། སོ་སོའི་འཇོན་ན་འཇང་དགུན་ཆོས་ལ་གྲྭ་པ་སུ་ཡིན་ནའང་འགྲོ་ཆོག་ལ། དེ་ནི་དམངས་གཙོ་དང་རང་དབང་གི་རང་བཞིན་ལྡན་པ་ཞིག་ཀྱང་རེད་སྙམ། རིག་པ་ཅུང་སྐྱོ་བ་དེ་ཚོ་ཡང་འཇང་དགུན་ཆོས་ལ་ཕྱིན་ནས་ཚུར་ཡོང་དུས་སྔར་དང་མི་འདྲ་བ་རིགས་ལམ་ཡག་ཏུ་ཕྱིན་པ་དང་། རྩོད་ཤུགས་ཆེ་རུ་ཕྱིན་པ་དེ་འདྲའང་མངོན་སུམ་དུ་མཐོང་རྒྱུ་འདུག་པས། ཁོ་རིག་པ་སྐྱོ་བོ་དང་རྒྱུགས་སྤྲོད་བརྒྱ་ཆ་དམའ་བོ་རེད་ཞེས་བརྒྱལ་བའི་ལྒང་རྡོག་རྫིས་མ་བཏང་པར་གོ་སྐབས་སྤྲད་དེ་ཡར་རྒྱས་ཀྱི་ལམ་ལ་བཏང་པ་དེ་དངོས་གནས་ལེགས་ཆ་མ་རེད་དམ། ཡང་རྩོམ་ཡིག་དེའི་འཕྲོས་<འདིའི་སྐབས་སུ་རྟགས་གསལ་ཁྱབ་གསུམ་གྱིས་ལན་འདེབས་མི་ཤེས་མཁན་མང་བོ་འདུག་ལ། འདི་དག་གིས་གདན་སའི་མཚན་མཐོང་ལ་གནོད་གིན་ཡོད་པ་རེད།>ཞེས་བྲིས་འདུག་པས། གདན་ས་ཞིག་གི་ནང་འཛུལ་མ་ཐག་པ་ཞིག་ཡིན་ན་མ་གཏོགས་ལོ་གཉིས་གསུམ་མཚན་ཉིད་ཀྱི་དཔེ་ཆ་བལྟ་བའི་རྗེས་ད་དུང་རྟགས་བསལ་ཁྱབ་གསུམ་གྱི་ལན་མི་ཤེས་མཁན་དེ་འདྲ་རིག་མ་མྱོང་། གལ་ཏེ་དེ་འདྲ་ཡོད་ན་ཁོང་ཚོ་ད་དུང་འཇང་དགུན་སོགས་སུ་མ་བཏང་པར་བཞག་ན་རྗེས་མ་གདན་ས་ལོ་ངོ་ཉི་ཤུ་འགྲིམས་ཀྱང་རྟགས་བསལ་ཁྱབ་གསུམ་མི་ཤེས་མཁན་དེ་འདྲ་འཐོན་ཡོང་ཉེན་ཡོད་པས་དངོས་གནས་དེ་དུས་གདན་སའི་མཚན་སྙན་ལ་གནོད་ཀྱི་རེད་སྙམ།

ག༽

རང་གིས་འཇང་དགུན་ཆོས་ལ་མཐོང་བའི་མྱོང་ཚོར།

ངས་མ་གཞི་འཇང་དགུན་ཆོས་མ་མཐོང་བར་ལོ་ངོ་ལྔ་དྲུག་སོང་ཀྱང་། སྔོན་ཆད་ཐེངས་མ་དྲུག་བདུན་ཕྱིན་མྱོང་བས་འཇང་དགུན་ཆོས་ནི་དཔེ་མི་སྲིད་པའི་རིགས་ལམ་འཕེལ་ཁ་ཕྱེ་བའི་ཆོས་ཐོག་ཤིག་རེད། དེ་དུས་གྲྭ་པ་ཚོས་འཇང་དགུན་ཆོས་ལ་མ་འགྲོ་གོང་ནས་རྩོད་གཞུང་རྣམ་རྩ་དང་ཐར་ལམ་གསལ་བྱེད་གཉིས་ཀ་བློ་ལ་གཟུང་གི་ཡོད་པ་དང་། སོ་སོའི་གྲྭ་ས་ནས་ཀྱང་གང་འཚམས་རྩོད་པའི་རྗེས། འཇང་དགུན་ཆོས་ལ་འགྲོ་ཡི་ཡོད། འཇང་དགུན་ཆོས་སྐབས་སྔ་དྲོ་ཆོས་རར་རྩོད་པ་ཆུ་ཚོད་གཉིས་ལྷག་པ་འཚོགས་པ་དང་། དེ་ནས་ཉིན་གུང་དཔེ་ཁྲིད་དང་ཐོ་ཆོས་དམ་བཅའ་ལ་གཏོང་རྒྱུའི་རྟགས་བསལ་བཟོ་རྒྱུ། ཕྱི་དྲོ་ཚོགས་ཆེན་དུ་རྩོད་པ་དེ་ནས་དམ་བཅའ། དེ་ནས་མར་གྲོལ་ཙམ་བྱས་ནས་གྲྭ་ཚང་སོ་སོའི་རྩོད་པ་ཆུ་ཚོད་༡༢་ཙམ་བར་ཚོགས། དེ་དུས་བློ་ཁ་ཅུང་མཐོ་བ་དེ་ཚོས་གྲྭ་ཚང་གཞན་གྱི་རྩོད་པར་དམ་བཅའ་འཇོག་ཏུ་སོང་བ་སོགས་ཁྱད་ཆོས་དུ་མས་ཕྱུགས་ཡོད།
འོན་ཀྱང་རྩོམ་ཡིག་དེའི་ནང་གསལ་བ་བཞིན་གྲྭ་ཚང་ང་ཡིན་ཟེར་མཁན་དེ་འདྲ་ཐུག་དུས་མི་ཚོགས་ཆེན་པོས་ལྟད་མོ་བལྟ་བར་ཡོང་བ་དང་། ལན་རྒྱག་མཁན་གྱིས་ཀྱང་དམ་བཅའ་བརྟན་པོ་གཟུང་བ་དང་གཟབ་གཟབ་བྱས་ཀྱི་ཡོད་པ་དེ་དག་ནི་གདན་སའི་འགྲོ་སྟངས་ཤིག་ཡིན། འོན་ཀྱང་ངའི་མཐོང་ཚུལ་ལ། གྲྭ་པ་ཁ་ཤས་ཀྱིས་གཙོ་བོ་རྟགས་བསལ་ལ་མ་དམིགས་པར་ཕྱོགས་ལྷུང་དང་ཞེན་ཁོག་གི་བཟི་ནས་ཁྱེད་ཚོ་གཅིག་རེད་ཟེར་བ་དང་། ཡང་ལུང་དྲངས་དུས་མཁས་པ་དེ་དང་དེ་ཞེས་མཚན་གནས་ནས་མ་བརྗོད་པར་ཡིག་ཆའི་གསུངས་བ་པོ་ལ་ཟུར་ཟ་དང་མཐོང་ཆུང་གི་རྣམ་པ་བསྟན་པ་དང་། ཡང་། ལན་རྒྱག་མཁན་དེ་མི་ཤེས་པ་མ་རེད་ཡིག་ཆ་གསུངས་མཁན་ནོར་ཚར་བ་རེད་མདོག་དེ་འདྲ་བྱས་པ་དང་། ཡང་ལུང་ཚིག་མངོན་སུམ་དང་འགལ་བའི་ཡིག་ནོར་དེ་འདྲ་ཧ་གོ་བཞིན་དུ་དྲངས་པ་དང་། གཞན། གྲྭ་ཚང་དེ་དང་དེའི་ཁས་ལན་དུ་མེད་པའི་གྲྭ་ཚང་དེ་ཁུངས་ཀྱི་མཁས་པས་བྱས་པ་དེ་འདྲའི་གསུང་དྲངས་ནས་ཁ་རྡུང་བཏང་པ་སོགས་བྱས་པ་བྱུང་སོང་། དེ་འདྲ་བྱས་དུས་སྔ་ཕྱིའི་རྒོལ་བ་དང་ལྟད་མོ་བ་ཆ་ཚང་ཚ་པོ་ཆགས་ཀྱི་འདུག་པ་དེ་དག་ཅུང་ཟད་ངོ་གནོངས་དགོས་པ་ཡོང་གི་འདུག་ནའང་། དངོས་གནས་གྲྭ་པ་ནི་གྲྭ་པ་རང་ཡིན་པས་དེ་རིང་འཛིང་འགྲོ་འདྲ་ཞིག་ཡོད་ནའང་སང་ཉིན་ནས་སྣང་མེད་ངང་ཧ་ཧ་ཟེར་བཞིན་མཉམ་དུ་འགྲོགས་ཀྱི་ཡོད་པ་དང་། ད་དུང་ཕར་ལོག་འགྲོ་དུས་མདང་དགོང་འགལ་འདུ་བསྒྲིག་སའི་མཁས་པ་དེའི་གསུང་དེ་ཚོ་དད་པ་ཆེན་པོས་ཉོ་ནས་ལོག་ཕེབས་ཀྱིས་འདུག་པས། ས་རྩོད་ཆུ་རྩོད་རྒྱག་པ་ལྟ་བུའི་འཇང་དགུན་ཆོས་ནི་དོན་དངོས་མཁས་པ་མཛེས་པར་བྱེད་པའི་དོ་ར་རང་ཡིན་འདུག


ས་རྩོད་ཆུ་རྩོད་རྒྱག་པ་ལྟ་བུའི་འཇང་དགུན་ཆོས་ཞེས་རྩོམ་ཡིག་གཟིགས་ན་འདིར་བསྣུན་རོགས།

གངས་ཅན་བོད་ཀྱི་བྱ་རིགས་ངོས་གཟུང་བ།

ཡི་གེ་མ་དག་པ་དང་དོན་ནོར་སོང་བ་མང་དག་ཡོད་ན་ཐད་ཀར་བཀའ་སློབ་གནང་རོགས།





བོད་ཀྱི་བྱ་རིགས་མི་འདྲ་བ་༤༠ཐམ་པའི་མིང་དང་འགྲེལ་གཤམ་དུ་བཀོད་པ།

༡ ལྷ་བྱ་གོང་མོ། ༼རི་བོ་མཐོན་པོའི་སར་གནས་ལ། བྱ་དེའི་སྐད་རྣ་བ་ཐང་པོ་མེད་པ་སོགས་ཀྱིས་གོ་ན་རྣ་བ་ལ་ཕན་སྐད།༽
༢ ཁུ་བྱུག cuckoo ༼བྱ་དེས་སྐད་རྒྱབ་པས་རྩ་ཆུའི་དུག་རྣམས་སེལ།༽
༣ གཡེབ་བྱ། Shrike ༼བཤད་སྲོལ་ལ་ཁུ་བྱུག་གི་བློན་པོ་ཡིན་ཟེར། བྱ་དེའི་ལྟོ་བ་བསྟན་ན་ལོ་འདིར་ཟས་ལེགས་པ་དང་རྒྱབ་བསྟན་ན་གོས་ལེགས་པ་ཡོང་བའི་བཤད་སྲོལ་ཡོད།༽
༤ པིང་ཀྱུར་མ། eagle ༼བྱ་དེས་ཙི་ཙི་དང་སྦྲུལ་སྦལ་པ་སོགས་འཛིན་ནུས་ཞིང་། བཤད་སྲོལ་ལ་ཀླུའི་ཁ་གནོན་ཡིན་ཟེར། ༽
༥ བྱ་གླག Hawk ༼བྱ་དེའི་ལུག་གུ་དང་གླ་བ་སོགས་གསོད་ཐུབ། བྱ་དེའི་གླ་བ་ཤིང་གསེབ་ཏུ་བྲོས་སོང་ཚེ་ཁྱི་སྐད་རྒྱབ་ཟེར།༽
༦ བྱ་གག ༼ནགས་དང་པང་ལྗོངས་འདྲེས་མའི་བར་བསྡད།༽
༧ ཁྲ falcon ༼བྱ་དེ་ལ་བྱི་ཁྲ་དང་ཁྲ་ཆེན་པོ་སོགས་ཀྱི་དབྱེ་བ་ཡོད།༽
༨ འུག་པ། owl ༼སྲམ་གྱིས་ཉ་སྤྲད་ཁྱེར་ནས་འུག་པ་ལ་སྤྲད།༽
༩ བྱ་སྐྲ་སྐག ༼བྱ་དེའི་སྒྲོ་མདོག་ཕལ་ཆེར་དཀར་པོ་ཡིན། བྱ་དེའི་སྐད་རྒྱབ་ལ་ལྟད་བཟང་པོ་རྩིས། བྱ་དེ་ས་མཚམས་སོ་སོར་ཁྱོ་ཤུག་རེ་ལས་མེད། བྱ་དེས་རང་གི་ཕ་མ་གསོད་པར་གྲགས།༽
༡༠ སྲེག་པ། ༼བྱ་དེ་ཁྱུ་དང་བཅས་གནས་ཤིང་། རྩ་སོགས་ཀྱི་གསེབ་ཏུ་བསྡད།༽
༡༡ སྲིན་བྱ། ༼འུག་པ་དང་འདྲ་བ་གང་ཞིག་ལ་འུག་པ་ལས་ཆུང་པ་ཡོད། སྐད་སྣ་ཚོགས་རྒྱག་རྒྱུ་ཡོད།༽
༡༢ བྱ་རྒོད། vulture ༼བྱའི་ནང་ནས་གནམ་མཐོ་ཤོས་སུ་ཕུར་ཐུབ་མཁན་གཅིག་པུ་ཡིན། མིག་རྒྱང་ཤིན་ཏུ་རིང་པོ་མཐོང་། ཟས་སུ་སེམས་ཅན་ཤི་བའི་རོ་དང་རུས་པ་རྡོ་སོགས་ཟ་བ་ལས་སེམས་ཅན་མི་གསོད་པ་ཡིན།༽
༡༣ སེར་བྱ་ངང་པ། mandarin duck ༼མཚོའི་མཁར་བབ་ནས་བསྡད་ཞིང་། ཁྱུ་བྱས་ནས་མ་བསྡད་པ་ཡིན།༽
༡༤ དི་དི་ཀུ་ཀུ། mallee fowl ༼དགུན་ཟླ་བ་གསུམ་ཤིང་སྡོང་གི་ནང་དུ་ཉལ་བསྡད་པ་ཡིན།༽
༡༥ འཇོལ་མོ། ༼སྐད་ཤིན་ཏུ་སྙན་པོ་ཡོད་པའི་བྱིའུ་ཤིག་ཡིན། ཚོན་གཞི་མཐིང་ག་དང་ལྗང་གུའི་རིགས་གཉིས་ཡོད་ཀྱང་ལྗང་གུ་དེར་སྐད་དེ་ཙམ་སྙན་པོ་མེད།༽
༡༦ ཁང་བྱིའུ། sparrow ༼ཁྱོ་ཤུག་རེ་གཉིས་ཁང་པའི་ཀ་བརྡུང་བར་ཚང་བཅའ་ནས་བསྡད་ཞིང་། ཁྱུ་བྱས་ནས་ཡང་བསྡད་པ་ཡོད།༽
༡༧ ཁྱིམ་བྱ། ༼བྱ་དེ་ཡིན། མིས་གསོས་ནས་སྒོ་ང་དང་ཤ་ཟ་བ་དེ་ཡིན།༽
༡༨ ཁྭ་ཏའམ་བྱ་རོག crow ༼འདྲེ་བྱའི་རིགས་ཡིན། ལུས་པོ་ཕོག་རོན་ཙམ་ལ། སྐད་མི་སྙན་པ་ཞིག་ཡོད། མཚན་མོ་ཁྭ་ཏའི་སྐད་རྒྱག་ན་ལྟད་ངན་རྩིས།༽
༡༩ ཕོ་རོག ༼ལྷ་བྱའི་རིགས་དང་། གཟུགས་ཕུང་ཁྭ་ཏ་ལས་ཆེ་བ་དང་། རྐང་པ་སོགས་སུ་སྤུ་བཟང་པོ་ཡོད། གྷནྜིའི་སྐད་འདྲ་པོ་རྒྱབ། ཁྱུར་བྱས་ནས་མ་བསྡད་པ་ཡིན།༽
༢༠ ཀྱུང་ང་། ༼བྱ་དེའི་ཁ་མདོག་ནག་པོ་ནག་རྐྱང་ལ་རྐང་པ་དང་མཆུ་དམར་པོ་ཅན་ཞིག་ཡོད། ཁྱུ་བྱས་ནས་བསྡད་པ་ཡིན།༽
༢༡ པུ་ཤུད། ༼དམངས་ཁྲོད་དུ་བྱའི་དྲུང་ཡིག་རེད་ཟེར། མགོ་དང་མཆུ་སྡོམ་པའི་སྨྱུ་གུ་འདྲ་བ་ཡོད་པ་དང་། ས་ལ་ས་ཁྲ་འབྲི་བ་འདྲ་པོ་བྱས། ཚུར་བཟུང་ན་ལམ་སེང་གདོང་ལ་སྐྱག་པ་བཏོར་མཁན་ཞིག་ཡོད།༽
༢༢ བྱ་གོ་བོ། ༼བྱ་དེའི་མགོ་བོ་དཀར་པོ་དང་གཟུགས་པོ་དམར་སེར་ཡིན། ཟས་སུ་རྡོ་དང་རུས་པ་ཟ་ལ་བྲག་རིའི་གསེབ་ཏུ་གནས་ཤིང་། ཕྲུག་གུ་ཐོག་མར་སྐྱེ་དུས་ཁྱི་ཕྲུག་སྐྱེ་བ་ཡིན།༽
༢༣ གོ་ལིང་མིག་དམར། ༼རི་བྱ། སྐད་གོ་ལིང་ཞེས་རྒྱག་ཞིང་མིག་དམར་པོ་ཡིན། རི་མཐོ་སར་མ་གཏོགས་མེད།༽
༢༤ ཅ་ཁ་སྒྲོལ་མ། ༼བྱིའུ་དེ་ཐང་མཐིལ་དུ་ས་དོང་ཕུག་ནས་ཉལ་བར་བྱས། མིང་གི་རྣམ་གྲངས་ལ་ཅོང་ཁ་ཡང་ཟེར།༽
༢༥ གླང་རྫི། ༼ཆུ་བྱ། ཉིན་གང་མཚོ་དང་གཙང་པོའི་འགྲམ་དུ་ཉ་ཆེན་ཤ་སྟག་འགུག་ནས་བསྡད།༽
༢༦ བྱིའུ་རྡོ་ཉལ་མ། ༼བྱིའུ་དེས་རྡོའི་སྟེང་མཇུག་མ་རྡབ་ནས་ཨེ་ཉལ་བལྟས་པ་ཡིན་ཟེར།༽
༢༧ དཀར་རྩི། ༼བྱིའུ་འདམ་བགས་ཀྱི་ཁང་པ་བཟོ་མཁན། བྲག་དང་ཁང་པ་སྟེང་གནས།༽
༢༨ གཟི་དུག ༼ནགས་་དང་ཛ་རི་སོགས་སུ་གནས་པའི་བྱ་ཡིན། ལུས་ཀྱི་སྒྲོ་སྔོ་ཁྲ་དང་སྐད་རྒྱག་རྒྱུ་ཅང་མེད།༽
༢༩ ཁྲུང་ཁྲུང་། crane ༼དགུན་ཁ་བྱང་ལ་འགྲོ་བ་དང་། དབྱར་ཀ་མེ་ཏོག་ཡག་པོ་ཡོད་སའི་ཐང་དུ་སླེབས།༽
༣༠ ཆུ་སྐྱར། ༼དབྱར་དགུན་མེད་པར་ཆུ་གང་དུ་ཡོད་ས་དེར་འཁོར་བསྡད་པ་ཡིན།༽
༣༡ དོང་བབ། ༼བྱ་དེ་ནི་སྒལ་པ་སྔོན་པོ་དང་མགོ་རྩེར་སྒྲོའི་རྭ་ཅོ་སྔོན་པོ་ཡོད། གངས་རི་དང་ཛ་རི་མཚམས་སུ་ཡོད།༽
༣༢ དུར་བྱ། ༼བྱ་དེ་ནི་དུར་ཁྲོད་སོགས་ཀྱི་རུས་པ་ཟ་མཁན་མཆུ་སེར་པོ་ཅན་ཞིག་ཡོད།༽
༣༣ ཕུག་རོན། ༼བྲག་གི་གསེབ་ཏུ་བསྡད་ཤིང་། དགུན་ཁ་<སྤུ་རྣམས་བུད་ནས་>ཉལ་བསྡད་པ་ཡིན། ༽
༣༤ རི་རྫི་སྟག་དཀར། ༼ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་ལ། བཅུ་རྙེད་བཅུ་བརླག་ཞེས་སྐད་རྒྱབ་པ་ཡིན།༽
༣༥ སྟག་བྱིའུ། ༼མིག་ནག་ལ་དེའི་སྟེང་དཀར་པོ་ཡོད། མགོ་གཙུག་ཕུད་ལྗང་གུ་ཡོད།༽
༣༦ བེར་བྱིའུ། ༼ལུས་ཡོངས་རྫོགས་ལྗང་སེར་ཡིན།༽
༣༧ ཐང་བྱིའུ། ༼ཐང་ཤིང་དང་སྲོམ་མམ་ས་ལ་སོགས་ཀྱི་སྟེང་འཚོ་བའི་བྱིའུ་ལྗང་གུ་ཞིག་ཡིན།༽
༣༨ སྨྱུག་བྱིའུ། ༼སྨྱུག་མའི་གསེབ་བསྡད་པའི་བྱིའུ་སྔོན་པོ་དེ་འདྲ་ཡོད།༽

༣༩ འང་གུ། ༼ཕོག་རོན་དང་འདྲ་བ་ལ་གཟུགས་ཕུང་ཆེ་བ་དང་ཁང་པ་ཡོད་སར་ཡང་བསྡད།༽
༤༠ ནེ་ཙོ། ༼བྱ་དེ་ནི་ཤོག་པ་ལྗང་མདོག་དང་མཆུ་དམར་ཞིང་སྒུག་པ་ཡིན། འཛམ་གླིང་ནང་མི་སྐད་བཤད་ནུས་པའི་བྱ་གཉིས་ལས་མེད་པའི་གཅིག་ཡིན།༽


བོད་ཀྱི་བྱའི་མིང་རིགས་མི་འདྲ་བ་༤༠ཙམ་འདིར་བཀོད་ཡོད་ད་དུང་བྱ་རིགས་ཀྱི་མིང་ག་ཚོད་ལྷག་ཡོད་དོགས་བཞིན་གནས།


གཡེབ་བྱ།



སྤྱིར་བཏང་གི་བྱ་གླག



དམིགས་བསལ་བོད་ཀྱི་བྱ་གླག



བོད་ཀྱི་ཁྲ།



བྱ་དི་དི་ཀུ་ཀུ།

ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན་སོགས།

ད་ནངས་ངོས་རང་རེས་གཟའ་ཟླ་བའི་བདུན་རེའི་གུང་སེང་གི་ཉི་གཞོན་འོག་དབྱིན་ཡིག་གི་ཉིན་རེའི་ཚགས་པར་ལ་བལྟ་བཞིན་པའི་སྐབས། མཁས་དབང་དགེ་བཤེས་ཆེན་པོ་རྒན་དཔལ་ལྡན་གྲགས་པ་མཆོག་གིས་བདག་ལ་རྒན་ཉིད་ཀྱིས་འཇགས་རྩོམ་གནང་བའི་དཔེ་དེབ་གསར་པ་༼ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།༽ཞེས་པ་དེའི་དཔར་མ་གཅིག་གནང་འདུག་པས། དགའ་ཚོར་ཆེན་པོས་དཔྲལ་བར་མཆོད་དེ་ཞལ་འཇལ་ཞུས་པས་ཡིད་ཀྱི་དང་བ་རབ་དུ་བརྟས་བྱུང་། དེ་ནས་འདིར་ཟིན་བྲིས་ཀྱི་ནང་དུ་དྲ་གྲོགས་ཚོར་ངོ་སྤྲོད་ཞིག་བྱ་འདུན་བསྐྱེད་པས་རེ་ཞིག་ངོ་སྤྲོད་མདོ་ཙམ་ཞུས་ན།


༡ དཔེ་དེབ་ཀྱི་མཚན།
༼ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།༽
༢ ཁྱོན་བསྡོམས་ཤོག་ངོས། {༢༤༩}
༣ དེབ་ཀྱི་རིན་གོང་། ༼ད་ལྟ་མ་ཤེས།༽
༤ ནང་དོན།
ཕྱག་དཔེ་འདི་ནི་སྟབས་བདེ་ཡོང་སླད་དཔེ་ཆ་ལྔ་གཅིག་ཏུ་བསྡུས་པའི་ཕྱོགས་བསྒྲིགས་ལྟ་བུར་དཔར་དུ་སྐྲུན་འདུག དེ་ཡང་།
༡ ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན།
དེ་ནི་གཙོ་བོ་མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དད་པ་སྐྱེ་ཚུལ་ལ་བརྩམས་ནས་དད་པའི་རྣམ་གཞག་བརྗོད་པ་ཞིག་ཡིན་འདུག
༢ ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།
དེ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་མཛད་པའི་ལེགས་བཤད་ཀུན་གྱི་སྙིང་པོ་དྲང་ངེས་ཀྱི་སྐོར་ལ་དོགས་པ་དཔྱོད་པ་ཡིན་འདུག
༣ སྟོང་ཉིད་ཀྱི་དགག་བྱའི་སྐོར་ལ་དྭོགས་དཔྱོད་གནད་བསྡུས།
དེ་ནི་
༤ བདག་འཛིན་ཕྲ་རགས་སྐོར་དྭོགས་དཔྱོད་སྙིང་བསྡུས།
༥ ཚུལ་གསུམ་སྐོར་དྭོགས་དཔྱོད་གནད་བསྡུས།
དེ་ནི་རྗེས་དཔག་གི་བསྒྲུབ་བྱ་རྟོགས་པའི་ཐབས་ཚུལ་གསུམ་གྱི་རིགས་པ་འགྲོ་བཤད་པ་ཚད་མའི་སྐོར་ཡིན་འདུག

༥ རྩོམ་པ་པོ་ངོ་སྤྲོད།

དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པ་མཆོག་ནི་སྤྱི་ལོ་༡༩༣༣ཟླ་བ་དྲུག་པའི་ཚེས་༤ཉིན་ཏྲེ་ཧོར་བྲག་མགོའི་ཡུལ་དུ་འཁྲུངས། དགུང་ལོ་༡༣་ཐོག་རང་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་བཞུགས་དང་དགུང་༡༨་ལ་ལྷ་སར་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཚོགས་བཞུགས་ཀྱིས་ནང་དོན་རིག་པ་ལ་སློབ་གཉེར་གནང་།

དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དོན་གྲུབ་གཙོ་བོར་གྱུར་པའི་ཚུལ་ཁང་བླ་མ་རིན་པོ་ཆེ་དང་། ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ། ཤག་སྐོར་མཁན་རིན་པོ་ཉི་མ་རྒྱལ་མཚན། ཚུལ་ཁང་མཁན་ཟུར་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན། ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་བཅས་བློ་གསལ་གླིང་གི་མཁས་དབང་དུ་མ་ཡོངས་འཛིན་དུ་བསྟེན་ཅིང་། སྤྱི་ལོ་༡༩༥༩ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ནས་སྤྱི་ལོ་༡༩༧༣ ལ་ཝ་ཎ་མཐོ་སློབ་དུ་ཨཱ་ཅརྱའི་རྒྱུགས་སྤྲོད་དང་། སྤྱི་ལོ་༡༩༧༥ ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་མཛད་པ་དང་། བར་སྐབས་ཤིག་ཏུ་ལྡི་ལི་བོད་ཁང་དུའང་ཕྱག་ལས་གནང་ཡོད་ལ་དེ་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ད་བར་གདན་ས་ཆེན་པོར་དཔེ་ཁྲིད་མཛད་པའི་འཕྲིན་ལས་ཀྱི་པད་མོ་བཞེད་པས་སྐལ་ལྡན་རྣམ་དཔྱོད་ཅན་གྱི་གདུལ་བྱའི་བུང་བ་མཐའ་ཡས་པ་སྐྱོང་བཞིན་ཡོད་པ་ལགས་སོ།།

༦ བརྩམས་ཆོས་གཞན། ༡ ལེགས་བཤད་དད་པའི་མཛེས་རྒྱན། ༢ དམ་ཆོས་སྣང་བའི་སྒྲོན་མེ། ༣ ལེགས་བཤད་ལུང་རིགས་དགའ་ཚལ་བཅས་བཞུགས་ཡོད།

ཁེར་རྐྱང་གི་རྒྱལ་མཚན།


ཁེར་རྐྱང་དུ་རྒྱལ་མཚན་དང་ལྷན་དུ་འགྲེང་པ། ར་ས་ཕོ་ཉས་དཔར།



ངས་ལེགས་པར་བསམ་ན།
ང་ནི་ཁེར་རྐྱང་གི་འདུ་ཁང་སྟེང་གི་རྒྱལ་མཚན་དེ་དང་འདྲ།

རྒྱུན་དུ་ཞོགས་ཀའི་ཉི་འཆར་ལ་བལྟ་བཞིན།
མ་འོངས་པར་རེ་སྒུག་གི་སྔ་འདང་རྒྱབ།
སུས་ཀྱང་སྙིང་ཁུངས་ནས་ཁ་ཏ་བྱེད་མཁན་མེད་ལ།
རླུང་འཚུབ་དང་ཆར་བརྡུང་གི་བརྙས་བཅོས་ཟེགས།

མིང་འདོགས་ལ་རྒྱལ་མཚན་ཡིན་ཀྱང་།
དོན་དངོས་རང་དབང་དང་སྤྱི་ཚོགས་མེད་པའི་ཁེར་མཚན་ཞིག་ཡིན།
རྒྱུན་དུ་འདུ་ཁང་གི་ཡང་རྩེ་ཁོ་ནར།
ཐག་རིང་གི་མཛེས་ལྗོངས་ལ་བལྟ་བཞིན་ཡོད་ཀྱང་།
འགྲོ་ཐབས་ཟད།

ཕུག་རོན་དང་ཁྭ་ཏས་སྐྱག་གཅིན་གྱིས་མགོ་བོ་བསྣན་ཡང་།
སུ་ཞིག་ལ་འགན་འཁྲི་མེད། ཡིན་ནའང་།
ངའི་ཕྱོགས་བཞིར་ཆུ་སྲིན་གྱི་ཁ་བཞི་ཡོད་པ་དེར།
སྐད་རྒྱག་དབང་ཞིག་མེད་ནའང་། རྒྱུན་དུ།
སྐེ་འོག་གི་དྲིལ་བུ་ཆུང་ཆུང་དེ་ཚོར།
"རང་དབང"དང་"རང་དབང་"
ལོབ་རོགས་ཟེར་ཀྱང་། ད་ཆ།


དྲིལ་བུ་དེ་ཚོ་ཡང་། སྤྲེའུ་ཚོས་ཁྱེར་ནས་བྱི་བ་ལ་སྤྲད།
བྱི་བས་བྱི་ལའི་སྐེ་ལ་བཏགས་པས།

ད་ཆར་རང་སྐྱོབ་ཀྱི་ནུས་པ་ལས།
རང་དབང་གི་འཚོལ་སྙེགས་མེད་ཐལ།

ཨ་ཙི། ཅི་མ་རུང། འདུ་ཁང་གི་མཐོ་ལྒང་སྟེང་།
འཕྲད་ཐབས་བྲལ་བའི་རོགས་པ་དང་ལྷན་དུ།
ཉི་འཆར་ལ་འདང་རེ་རྒྱག་བཞིན།
ལོ་གསར་གྱི་མདུན་དུ་རྒྱུགས།

༡ ་ ༢ ་ ༣།

ར་ས་ཕོ་ཉས་འདྲ་པར་ལ་བལྟས་ནས་ཐད་ཀར་བྲིས།

དག་པ་རིན་པོ་ཆེར་བརྟན་བཞུགས་འབུལ་བ།

འདི་ཟླའི་ཚེས་༡༩ནས་བཟུང་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་ཡང་སྟེང་དུ་སེར་སྨད་མཁན་ཟུར་དག་པ་ཁྲི་སྤྲུལ་རིན་པོ་ཆེས་བཀའ་ཆོས་གནང་རྒྱུ་དབུ་འཛུགས་ཡོད་པ་དང་། ད་ལྟའི་ཆར་ཚེ་དཔག་ལྷ་དགུའི་དབང་དང་། བ་རི་བརྒྱ་རྩ། ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་རྣམས་ལེགས་པ་གནང་ཟིན་ནས་ད་རིང་སྔ་དྲོ་ཆུ་ཚོད་༧ ནས་དབུ་འཛུགས་ཀྱི་ཉིན་གུང་ཆུ་ཚོད་༡༢།༣༠བར་དངོས་སློབ་རྣམས་ནས་རིན་པོ་ཆེར་བརྟན་བཞུགས་འབུལ་ཡོད། སང་ཉིན་ནས་རིམ་པས་ད་དུང་ཡང་བཀའ་དབང་གནང་རྒྱུ་ཡིན་ཞིང་། རིན་པོ་ཆེ་མཆོག་ཀྱིས་ལོ་གཉིས་ཀྱི་གོང་ནས་འདི་གར་རིན་འབྱུང་བརྒྱ་རྩ་སོགས་དབང་ལུང་མན་ངག་གི་བརྒྱུད་པ་རྣམས་སྩོལ་བཞིན་ཡོད་པ་རེད།

ལོ་༤༨རྗེས་སུ་གདོང་དེབ་བམ་ཕེ་སེ་བྷུཀ་facebookབརྒྱུད་མཉམ་འཛོམས་བྱུང་བ།

སྤྱི་ཚོགས་ཀྱི་དྲ་རྒྱ་གདོང་དེབ་ཕེ་སེ་བྷུཀ་བྱ་བ་བརྒྱུད་ནས་ལོ་ངོ་༤༨ཉེ་བ་ཐུག་འཕྲད་མ་བྱུང་བའི་བུ་མོ་ཞིག་རང་གི་ཕ་དང་བསྐྱར་འཕྲད་བྱུང་ཡོད་པ་རེད།

གཅུང་མོ་ཀིམ་དང་ཕ་ཏོ་ནི་དང་ཧྥ་རེན་སཻ་སེ་མོ་རང་བཅས་མཉམ་འཛོམས་ཀྱི་འདྲ་དཔར།

རང་ལོ་༥༡་ལོ་སོན་པ་ཧྥ་རེན་སཻ་སེ་་་་སིམྥ་སོན་Frances Simpsonཟེར་བ་ཤེ་རོབ་ཤེ་རི་Shropshireནས་ཡིན་པ་ཞིག་བདུན་ཕྲག་སྔོན་མའི་ནང་རང་ལོ་གསུམ་གྱི་སྐབས་ཕ་མ་ཁ་བྲལ་གྱིས་ད་བར་མ་ཐུག་པའི་རང་གི་ཕ་དངོས་སུ་མཐོང་ཡོད། མོས་རང་གི་ཕའི་མིང་བརྗེས་པ་མ་ཤེས་པར་ལོ་ངོ་༣༣གྱི་རིང་འབད་བརྩོན་ཆེན་པོ་གང་སར་བཙལ་ཀྱང་རྙེད་མེད་པ་རེད།
འོན་ཀྱང་ད་ལན་ཧྥ་རེན་སཻ་སེའི་གྲོགས་པོ་ཞིག་གིས་མོའི་མི་བརྒྱུད་ལ་ཉམས་ཞིབ་བྱས་པ་ལས་ཁོང་མེ་ལི་ཉིས་བརྒྱའི་༢༠༠བར་ཐག་ལས་མེད་པའི་པོལ་ལེ་Pooleརྒྱལ་ཁབ་ཀྱི་ནང་ཡོད་པ་ཤེས་པ་དང་། ཧྥ་རེན་སཻ་སེ་མོ་རང་ལ་ཕ་གཅིག་པའི་གཅུང་མོ་ཀིམ་་་་མེཀ་ནའུ་ཊོན་Kim Macnautonཟེར་བ་dailymail.co.ukཉིན་རེའི་གསར་འཕྲིན་གསར་འགོད་པ་ཞིག་ཡོད་པ་ཧ་གོ་བས། ཧྥ་རེན་སཻ་སེས་གདོང་དེབ་ཕེ་སེ་བྷུཀ་དྲ་རྒྱའི་ནང་ཀིམ་བཙལ་ནས་འཕྲིན་དེ་འདྲ་ཞིག་བཏང་།

"འདིས་ཁྱེད་རང་ཧོན་འཐོར་དུ་འཇུག་མདོག་ཁ་པོ་རེད། ངའི་བསམ་པར་ཁྱེད་རང་ངའི་གཅུང་མོ་རེད་ཤག"

སྟབས་ལེགས་པ་ཞིག་ལ་ཧྥ་རེན་སཻ་སེའི་འཕྲིན་དེ་ཀིམ་ལ་འབྱོར་བའི་སྐབས་ལོ་ངོ་༧༢་ལ་སོན་པའི་ཁོང་ཚོའི་ཕ་ཏོ་ནི་་་མེཀ་ནའུ་ཊོན་Tony Macnautonབུ་མོ་ཀིམ་༼ལོ་༡༩༽གྱི་རྒྱབ་དེ་ཁར་ཡོད་པས་ཁོང་ཚོ་ཕན་ཚུན་དངོས་འབྲེལ་སྤུན་མཆེད་ཡིན་མིན་བགྲོ་གླེང་གིས་མཐར་སྤུན་མཆེད་ཡིན་པ་ཤེས་འཕྲལ་ཕན་ཚུན་ཁ་པར་ཨང་ཀི་སྤྲོད་རེས་ཀྱིས། མཐར་ལོ་ངོ་༤༨་རྗེས་ཀྱི་ཧྥ་རེན་སཻ་སེས་རང་གི་ཕ་ལ་སྐད་ཆ་དང་པོ་དེ་བཤད་ཡོད།

དེ་ནས་ཧྥ་རེན་སཻ་སེས་པོལ་ནང་འགྲུལ་བཞུད་ཀྱིས་བདུན་ཕྲག་སྔོན་མའི་རེས་ས་པ་སངས་ཀྱི་ཉིན་རང་གི་ཕ་དང་གཅུང་མོ་ཐོག་མར་ཐུག་ཡོད་པ་རེད།

ཧྥ་རེན་སཻ་སེས་ ༼དེ་དུས་མོ་རང་ཟླ་བའི་ནང་སླེབས་པ་ལྟ་བུ་དང་། འབྲེལ་བརྗོད་བྱེད་མ་ཐུབ་པའི་ཚོར་བ་སླེབས་བྱུང་། དཔེ་མི་སྲིད་པ་བྱུང་། ལོ་འདི་དག་གི་མཐར་མར་ང་རང་གི་པཱ་ལགས་ཚུར་རྙེད་བྱུང་།༽ ཅེས་ལབ་ཡོད།

ཁྱི་ནི་བོད་ཀྱི་སྲོག་ཆགས་ཡིན། ༼ཁྱིའི་མིང་འདོགས་ཚུལ།༽


ནོ་བོ་རུ། ར་ས་ཕོ་ཉས་དཔར་བླངས།

དེང་སང་འཛམ་གླིང་ནང་རིན་གོང་མཐོ་ཤོས་ཀྱི་ཁྱི་ནི་བོད་ཀྱི་ཁྱི་ཆགས་ཡོད་པས། སྔ་མོ་ཁང་པའི་སྒོ་སར་ཐལ་བའི་ནང་བཏགས་ནས་བཞག་པའི་ཁྱི་དེ་ཚོ་དེང་སང་ཁྱིམ་གྱི་བུག་ཏུ་བཞག་ནས་སྦྱིན་བདག་གིས་ཉིན་མཚན་མེད་པར་བསྐོར་བ་བྱས་དགོས་པ་འདྲ་པོ་ཆགས་ཡོད། ༼རྒྱ་མི་ཚོས་དང་ཐོག་བོད་ཀྱི་ཁྱི་དེ་ཚོ་གང་ཐུབ་བསད་ནས་ཟ་ཞིང་། ད་ཆ་ཡང་དངུལ་གང་ཐུབ་སྤྲད་ནས་ཉོ་བ་དེ་འདྲ་ཡ་མཚན་ཨང་། ཁྱི་ཡག་པོ་ཡོད་ན་རྒྱ་སྒོར་ཁྲི་ཉིས་བརྒྱ་ཡང་སྤྲོད་ཀྱི་ཡོད་པ་འདྲ།༽ཁྱི་ནི་བོད་སྲིད་པ་ཆགས་དུས་ནས་ཡོད་པར་སེམས་ཤིང་། བོད་ཀྱི་ལོ་རྒྱུས་དང་དམངས་སྒྲུང་སོགས་སུ་ཁྱིའི་བརྗོད་པ་མང་བ་དང་། ད་ཆ་འཛམ་གླིང་ནང་བོད་ཀྱི་ཁྱི་ལས་རིན་གོང་མཐོ་བ་མེད་དུས། ཁྱི་ནི་བོད་ཀྱི་སྲོག་ཆགས་ཡིན་ཞེས་བརྗོད་ནའང་ཆོག་འདུག

སྤྱི་བཏང་བོད་ཀྱི་ཁྱིའི་རིགས་ལ། ཤ་ཁྱི། བེའུ་ཁྱི། ཧྭ་པ། རྒྱ་བོ་མིག་བཞི། པ་ས། པུ་ར། འབའ་ཡོ། ཨབ་སོག འདོགས་ཁྱི། ཚང་ཁྱི། རྒྱ་ལི། ལ་བོ། སོགས་ཡོད།
ཁྱིའི་མིང་འདོགས་ཚུལ་ལའང་། སྤྱིར་བཏང་མིའི་མིང་དང་མཐུན་པ་བསམ་འགྲུབ་དང་སྒྲོལ་མ་ཟེར་བ་སོགས་ཡོད་ཀྱང་དམིགས་བསལ་གྱི་ཁྱིའི་མིང་འདོགས་ཚུལ་ལ།
༡ འབའ་ལུ།
༢ སེང་ཕྲུག།
༣ སྦོ་ལོ།
༤ དམར་རིལ།
༥ དང་དཀར།
༦ དོམ་ཕྲུག
༧ དོམ་ནག
༨ བྲང་དཀར།
༩ འབར་མོ།
༡༠ དཀར་ཕྲུག
༡༡ རྒྱ་སྟག
༡༢ རྒྱ་རོག
༡༣ རྒྱ་འབྲུག
༡༤ ཨོ་དགའ།
༡༥ རྒྱ་དགེ
༡༦ ཁྲ་དགེ
༡༧ དམར་དགེ
༡༨ གྲུམ་ཕྲུག་་་་་་་་་་་་་་་་་་སོགས་ཡོད་འདུག ད་དུང་ཁྱིའི་མིང་འདོགས་ཚུལ་མི་འདྲ་བ་ཡོད་ན་གསུངས་རོགས།

འབུ་འདིའི་མིང་ལ་"ཏྲི་"ཟེར་རམ།



འབུ་འདི་ནི་ང་རང་དང་ཆུང་ཆུང་སྒང་ནས་ད་བར་གྲོགས་པོ་བསྒྲིགས་ནས་དཔེ་དེབ་ཀྱི་བར་བསྡད་པ་ཡིན། ངའི་འབུ་འདིའི་རིགས་ཀྱི་མིང་ད་བར་ཤེས་ཀྱི་མེད་ལ། ཤེས་འདོད་ཀྱང་བྱས་མྱོང་མེད། འོན་ཀྱང་མཚམས་རེ་ངས་ཡུན་རིང་མ་བལྟས་པའི་དཔེ་དེབ་དེ་འདྲ་ཁ་ཕྱེ་དུས་ཁོང་ཚོ་ནི་དེར་ཐོག་མར་སླེབས་བསྡད་ཀྱིས། ངས་ཁོང་ཚོ་ནི་དཔེ་ཆ་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་དང་རྒྱུན་དུ་ང་དང་འདྲེས་འདྲིས་ཆེ་བའི་གྲོགས་པོ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། མཚམས་རེ་ངའི་ཁོང་ཚོ་མཐོང་དུས་ང་རང་ཡང་ཁོང་ཚོ་དང་འདྲ་པོ་ཞིག་རེད་དྲན་གྱི་འདུག ངའི་ད་བར་ཁོང་ཚོ་ལ་སྙན་ངག་ཞིག་བྲི་འདོད་ཀྱང་འབུ་དེའི་མིང་མ་ཤེས་བཏབ་ད་བར་ལུས་སོང་། ད་ལན་ཆེད་མངགས་འབུ་དེའི་མིང་དྲིས་དུས། འབུ་དེའི་མིང་ལ་"ཏྲི་"རེད་ཟེར།

ཉིན་མཚན་ཀུན་ཏུ་དཔེ་ཆ་དག་གི་ནང་།།
མགོ་བོ་བརྒྱུས་ནས་མི་ཚེ་བསྐྱལ་བ་ལས།།
ནང་དུ་སེམས་ལ་ཡར་རྒྱས་མ་བཏང་ན།།
གང་ཟག་དེ་ནི་འབུ་སྲིན་ཏྲི་དང་མཚུངས།།

འབུ་འདིའི་མིང་ལ་"ཏྲི་"ཟེར་རམ།

འབུ་འདི་ནི་ང་རང་དང་ཆུང་ཆུང་སྒང་ནས་ད་བར་གྲོགས་པོ་བསྒྲིགས་ནས་དཔེ་དེབ་ཀྱི་བར་བསྡད་པ་ཡིན། ངའི་འབུ་འདིའི་རིགས་ཀྱི་མིང་ད་བར་ཤེས་ཀྱི་མེད་ལ། ཤེས་འདོད་ཀྱང་བྱས་མྱོང་མེད། འོན་ཀྱང་མཚམས་རེ་ངས་ཡུན་རིང་མ་བལྟས་པའི་དཔེ་དེབ་དེ་འདྲ་ཁ་ཕྱེ་དུས་ཁོང་ཚོ་ནི་དེར་ཐོག་མར་སླེབས་བསྡད་ཀྱིས། ངས་ཁོང་ཚོ་ནི་དཔེ་ཆ་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་དང་རྒྱུན་དུ་ང་དང་འདྲེས་འདྲིས་ཆེ་བའི་གྲོགས་པོ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། མཚམས་རེ་ངའི་ཁོང་ཚོ་མཐོང་དུས་ང་རང་ཡང་ཁོང་ཚོ་དང་འདྲ་པོ་ཞིག་རེད་དྲན་གྱི་འདུག ངའི་ད་བར་ཁོང་ཚོ་ལ་སྙན་ངག་ཞིག་བྲི་འདོད་ཀྱང་འབུ་དེའི་མིང་མ་ཤེས་བཏབ་ད་བར་ལུས་སོང་། ད་ལན་ཆེད་མངགས་འབུ་དེའི་མིང་དྲིས་དུས། འབུ་དེའི་མིང་ལ་"ཏྲི་"རེད་ཟེར།

ཉིན་མཚན་ཀུན་ཏུ་དཔེ་ཆ་དག་གི་ནང་།།
མགོ་བོ་བརྒྱུས་ནས་མི་ཚེ་བསྐྱལ་བ་ལས།།
ནང་དུ་སེམས་ལ་ཡར་རྒྱས་མ་བཏང་ན།།
གང་ཟག་དེ་ནི་འབུ་སྲིན་ཏྲི་དང་མཚུངས།།

བྱེ་མའི་ནང་གསེར་ཡོད་པའི་དཔེ་ལྟར་བོད་ཀྱི་ཡུལ་སྐད་ནང་ཐ་སྙད་ཀྱི་ཕ་ལམ་ཡོད།

དེང་སང་གྱི་སྤྱི་ཚོགས་འདིར་བོད་ཀྱི་ས་ཁུལ་གང་ས་ནས་མི་མང་འདུ་འཛོམས་ཡོང་བས་མི་སོ་སོའི་ཕ་ཡུལ་གྱི་ཡུལ་སྐད་བོད་སྤྱིའི་སྐད་ཡིག་དང་མཉམ་གསེས་བྱེད་ཀྱི་ཡོད་པར། རྣམ་དཔྱོད་དང་ལྷག་བསམ་ལྡན་པའི་སྐྱེས་བུ་ཁག་གཅིག་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད། སྤྱིར་བཏང་བོད་ཀྱི་ཡུལ་སྐད་བོད་སྤྱིའི་སྐད་ལ་མཉམ་གསེས་བྱས་པས་བོད་ཀྱི་སྐད་ཡིག་བསྒྱུར་འགྲོ་བ་དང་། ཚང་མས་གོ་རྟོགས་མི་ཐུབ་པར་འགྱུར་བ་སོགས་སྐྱོན་ཆ་ཇི་སྙད་ཅིག་ཡོད་པར་ཁོ་བོ་ཡང་འདོད་ཀྱིན་ཡོད་མོད། འོན་ཀྱང་ང་ཚོས་ཡུལ་སྐད་ཡིན་ནོ་ཅོག་ལ་ཁྱད་གསོད་མ་བྱས་པར་ཡུལ་སྐད་ཀྱི་གསེབ་ན་བརྟག་དཔྱད་བྱས་ན་ཕ་ལམ་དང་འདྲ་བའི་བོད་ཀྱི་ཐ་སྙད་དེ་འདྲ་རྙེད་སྲིད་སྙམ།

དེ་ཡང་དེང་སང་ང་ཚོས་རི་དྭགས་དང་བྱ་རིགས། འབུ་སྲིན་སོགས་དང་། ཤིང་འབྲས། ཤིང་སྡོང་། ཐ་ན་རྩ་ཡན་ཆད་མཐོང་དུས་ལམ་སེང་"འདིའི་མིང་ལ་དབྱིན་སྐད་ལ་དེ་འདྲ་ཞིག་ཟེར། བོད་སྐད་ནང་ད་ལྟ་མེད་པས་གསར་པ་ཞིག་བཏགས་ན་་་་འོ་རེད་རྩ་འཆོང་ལྟ་བུ་ཟེར་དགོས།" ཞེས་གྷྲ་སེ་ཤོབ་པར་grasshopperལ་ཨ་ཚག་ཚག་པ་ཟེར་བ་མ་ཤེས་པར་སྒྲ་ཐད་བསྒྱུར་གྱིས་རྩ་འཆོང་ཞེས་བཏགས་དགོས་པ་སོགས་ཡོང་བ་ཡིན། འདི་འདྲ་ཡིན་དུས་དེང་སང་ཡོངས་གྲགས་བོད་སྐད་ནང་མིང་འདི་ཡིན་མེད་པ་ཡུལ་སྐད་དུ་མིང་ཡོད་པ་དེ་འདྲ་ཡོད་ན་ཡུལ་སྐད་རེད་ཅེས་མ་དོར་བར་''དངོས་པོ་དེ་འདྲ་ལ་ངེད་ཚོ་བོད་རང་གིས་སྔར་ནས་མིང་བཏགས་ཡོད་འདུག་"ཞེས་ཕ་ལམ་རྙེད་པ་ལྟ་བུའི་དགའ་ཚོར་གྱིས་ཁྱབ་བསྒྲགས་བཏང་ནས་་བདག་སྲུང་བྱེད་དགོས། དཔེར་ན་སེ་ཁུའི་རེལ་squirrelལ་ཡུལ་ལུང་འགའ་ཞིག་ཏུ་ཐང་ལི་ཟེར་བ་དང་། ཁ་ཤས་སུ་ཐོ་ཐག་ཁ་ལི་༼དག་ཆ་མི་ཤེས་༽ཟེར་བ་དང་། ཁ་ཤས་སུ་ཤིང་ཙིག་ཟེར་བ་ལྟ་བུ་ཡིན།

ཀར་ཤ་པ་ཎ།



གོང་གི་དེ་མ་ཤ་ཀ་ཡིན་མིན་མ་ངེས་ཀྱང་སྤྱི་ལོའི་སྔོན་དུས་ཀྱི་ལོ་ངོ་༦༠༠གོང་རྒྱ་གར་དང་རྒྱ་ནག་གྷྲེ་སེ་སོགས་སུ་བེད་སྤྱོད་བྱེད་པའི་དོང་ཙེ་ཡིན།


སྤྱི་ལོའི་དུས་རབས་དང་པོ་གཉིས་ནང་གི་རྒྱ་གར་ཤར་ཕྱོགས་ཀྱི་ཀར་ཤ་པ་ཎ།


༡ ཀར་ཤ་པ་ཎ་ལ། མཚན་ཉིད་པ་དང་བཏགས་པ་བ་གཉིས་ཡོད།


ཀར་ཤ་པ་ཎ་མཚན་ཉིད་པའམ་ངོ་མ་ནི། རྒྱལ་པོ་རྨ་བྱ་བའི་ཁྲིམས་ལུགས་ཀྱིས་བྱས་པའི་དངུལ་ལས་གྲུབ་པའི་དོང་རྩེའི་རྣམ་པ་འདྲ་བའི་རི་མོ་ཅན་ཞིག་སྟེ། ལུང་ལས། དོང་ཙེ་ལྟ་བུའོ་ཞེས་དང་། རྒྱལ་པོ་རྨ་བྱ་བའི་ཁྲིམས་ལུགས་ལས་བྱུང་བ་ཞེས་སོ།།
ཀར་ཤ་པ་ཎ་བཏགས་པ་བ་ནི།
ཀར་ཤ་པ་ཎ་མཚན་ཉིད་པ་དེ་དང་རིན་ཐང་མཉམ་པའི་འགྲོན་བུ་དང་ཇ་དང་སྣམ་བུ་དང་། ཡང་ལྕགས་དང་ཟངས་ལི་སོགས་ལས་བྱས་པའི་དངོས་པོ་རྣམས་སོ།།

༢ ཀར་ཤ་པ་ཎའི་རིན་ཐང་ནི།
འགྲོན་བུ་བརྒྱད་ཅུ་ལ་མ་ཤ་ཀའམ་པ་ཎ་གཅིག་ཡིན། པ་ཎ་བཅུ་དྲུག་ལ་ཀར་ཤ་པ་ཎ་གཅིག་ཡིན། དེས་ན་འགྲོན་བུ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་༡༢༨༠ལ་ཀར་ཤ་པ་ན་གཅིག་ཡིན་པས། རྐུ་ཕམ་སྐྱེ་བའི་རིན་ཐང་གི་ཚད་ལ་འགྲོན་བུ་སུམ་བརྒྱ་ཅུ་ཡིན་ནོ། འོན་ཀྱང་ཡུལ་དུས་ཀྱི་དབང་གིས་པ་ན་ལྔ་སྟེ་འགྲོན་བུ་བཞི་བརྒྱའི་རིན་ཐང་ལ་འཇོག་པའང་ཡོད་དོ།།
དེ་ཡང་འདུལ་བ་ཀཱ་རི་ཀ་ལས།
ཀར་ཤ་པ་ཎའི་བཞི་ཆ་བརྐུས།།
དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར།།

མདོར་ན་ཀར་ཤ་པ་ན་ནི་འགྲོན་བུ་བརྒྱད་ཅུའི་རིན་ཐང་ཅན་གྱི་པ་ཤག་གམ། སྔོན་དུས་ཚོང་རྒྱག་པའི་སྐབས་སུ་བེད་སྤྱད་གཏོང་རྒྱུའི་དངུལ་གྱི་ཚོད་དེ་ཡིན་ནོ།།