2010-03-07

བསྒྱུར་ཐལ་ཆེ་བ་མིན་ནམ་སྙམ།

དེང་སང་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་དམིགས་ནས་དབྱིན་རྒྱའི་ཚིག་མང་པོ་བོད་སྐད་ནང་གསར་གཏོད་བྱེད་བཞིན་པ་དེ་ཡར་འཐོན་དང་དགའ་འོས་པའི་གནས་སྟངས་ཤིག་ཡིན་ནའང་། སྤེན་ཁྱི་སྤེན་སྐད་ཀྱི་དཔེ་ལྟར་རིགས་འགྲེལ་གྱིས་ཕུང་གི་འདུག་པ་དཔེར་ན།

དེང་སང་ཡ་ཧོ་མེ་སེན་ཇར་yahoo messenger ལ་ཨེ་མ་ཕོ་ཉ་དང་ཊེ་ཝི་ཊར་twitter ལ་འཕྲུལ་སྒྲ་དང་ཧོཊ་མེལ་hotmail ལ་འཁོལ་འཕྲིན་ཟེར་བ་ལྟ་བུ་རེད། ཡ་ཧོ་དང་ཊེ་ཝི་ཊར་སོགས་ལ་ཨེ་མ་དང་འཕྲུལ་སྒྲ་ཟེར་མཁན་དེ་འདྲ་བཏགས་པ་དེས་མི་རིགས་དང་སྐད་ཡིག་ལ་ཕན་ཐོགས་བྱས་པ་མིན་པར་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལྐུགས་པ་བཟོས་པའི་བགྲངས་སུ་མི་འགྲོ་བའི་ངེས་པ་མེད། འཛམ་གླིང་སྤྱིའི་འགྲོ་སྟངས་དང་མི་མཐུན་པར་ཡ་ཧོ་ལ་ཨེ་མ་ཟེར་བ་དེ་འདྲ་ལབ་བསྡད་ན་ཕྱིས་སུ་བོད་མི་ཞིག་གིས་ཡ་ཧོ་བེད་སྤྱོད་གཏོང་གིན་གཏོང་གིན་ཕྱི་རྒྱལ་བ་ཞིག་གིས་ཡ་ཧོ་ཁ་བྱང་ཡོད་པས་ཟེར་ན་ཧང་སངས་ནས་"མེད། ངས་ཨེ་མ་བེད་སྤྱོད་བྱེད་ཀྱི་ཡོད་"ལབ་རྒྱུའི་ཉེན་ཁ་ཡང་ཡོད། ལར་ན་དབྱིན་ཡིག་གི་མིང་ཚིག་ཚང་མ་བོད་སྐད་དུ་བསྒྱུར་ཐུབ་ཀྱི་འདུག་བསམས་ནས་བསྒྱུར་བསྡད་པ་ཡིན་ན། རྗེས་མ་མིའི་མིང་ཊེ་གྷར་ཝུཌ་tiger wood ལ་སྟག་གི་ཤིང་ཟེར་བ་དང་། ཧོ་ལི་ཝུཌ་hollywoodལ་རྟག་སྔོན་གྱི་ཤིང་ཟེར་བ་དང་། ཕེ་རི་མན་freemanལ་རང་བཙན་མི་ཟེར་བ་ལྟ་བུ་དང་། ཀ་ཇོལ་kajol ལ་མིག་སྨན་ཟེར་བ་འདྲ་མ་ལབ་པའི་ངེས་པ་མི་འདུག་པས། རྗེས་མ་འཛམ་གླིང་ནང་གི་མིའི་མིང་དེ་ཚོ་ཡང་ཧ་མི་གོ་བ་ཆགས་ཡོང་ཉེན་མེད་པ་རེད་མི་འདུག

འོ་ན་སྔོན་མ་རྒྱ་གར་གྱི་པཎ་གྲུབ་ནཱ་ག་ཇུ་ན་ལ་མགོན་པོ་ཀླུ་གྲུབ་དང་ཨརྱ་དེ་བ་ལ་འཕགས་པ་ལྷ་ཞེས་པ་ལྟ་བུ་བསྒྱུར་འདུག་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་ནི་མཁས་པ་དེ་དག་བོད་ལ་གྲགས་ཆེ་ཞིང་། ལྷག་པར་དེ་དང་དེའི་གཞུང་བོད་དུ་ཚང་བར་བསྒྱུར་དགོས་པས་དང་། ཁྱད་པར་དུ་མཁས་པ་དེ་དག་ལ་བོད་རང་གི་མིང་རེ་བཏགས་ལ་ཡིད་ལ་འཐད་ཅིང་བློ་ཐག་ཉེ་བ་དང་། དད་པ་སྐྱེ་བདེ་བའི་ཆེད་དུ་ཡིན་ནམ་སྙམ། དེ་ལྟར་མ་ཡིན་ན། ན་ལེནྜ་དང་བྲི་ཀརྨ་ལ་ཤི་ལ་ཆོས་སྡེའི་མིང་དེ་ཚོ་ཡང་བོད་སྐད་དུ་བསྒྱུར་དགོས་པ་ལས་བསྒྱུར་ཡོད་ལུགས་མི་འདུག་པས་དཔྱད་པ་རེ་མཛོད།།

2010-03-06

རྡོ་རྗེ་གདན་གྱི་སྟོན་པའི་སྐུ་པར་སྒྲིག་སྦྱོར་བྱས་པ་ཞིག




མཚན་དཔེ་གཟི་འབར་དང་བ་འདྲེན་པའི་སྐུ།།
གདུལ་བྱའི་བློ་གྲོས་འདབ་བརྒྱ་བཞད་པའི་གསུངས།།
རྣམ་གྲོལ་ཐར་པའི་ལམ་བཟང་སྟོན་བཞེད་ཐུགས།།
འདྲེན་མཆོག་དོན་ཡོད་གྲུབ་པའི་ཞབས་རྡུལ་མཆོད།།

ཀླུ་གྲུབ་དགོངས་དོན་དྲི་མ་མེད་པའི་སྲོལ།།
མ་འདྲེས་ལེགས་པར་གསལ་མཛད་༡ཟླ་བ་གྲགས།།
ཆོས་མངོན་རྒྱ་མཚོའི་གཞུང་གི་མཛོད་ཆེན་པོ།།
ཁོང་དུ་ཆུད་མཁས་སྐུ་མཁྱེན་༢དབྱིག་གི་གཉེན།།

ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་ཀྱི།།
བསླབ་སྡོམ་འཆད་ཞིང་གྲུབ་མཁས་༣ཡོན་ཏན་འོད།།
ཚད་མ་ཀུན་ལས་བཏུས་པའི་གཞུང་ལུགས་ཀྱི།།
ཚད་མའི་ལོག་རྟོག་སེལ་མཁས་༤དཔལ་ཆོས་གྲགས།།

ཕ་རོལ་ཕྱིན་པའི་མདོ་སྡེའི་རྒྱན་གྱུར་པ།།
འགྲེལ་བྱེད་མཆོག་གྱུར་༥སེང་གི་བཟང་པོའི་ཞབས།།
བདག་གི་ལུས་ངག་ཡིད་ཀྱིས་གསོལ་འདེབས་པས།།
དཀའ་པོད་ལྔ་ཡི་དགོངས་དོན་རྟོགས་པར་ཤོག།



ཁོ་བས་གཞུང་དཀའ་པོད་ལྔ་༼དབུ་མ། མཛོད། འདུལ་བ། ཚད་མ། ཕར་ཕྱིན།༽ལ་བསླབ་གཉེར་བྱ་མཁན་མང་པོར་དགོས་མཁོ་མཐོང་ནས་གོང་གི་སྐུ་པར་དེ་བསྒྲིགས་པ་ཡིན།

2010-03-04

སྦུར་པ། འབུ་སྲིན་གྱི་རིགས་ཤིག


བོད་སྐད་དུ་སྦུར་པ་ཟེར་ལ། ཡུལ་ལུང་ལ་ལར་བོང་བེ་རྒྱའུ་ཡང་ཟེར། དེ་ནི་དབྱིན་སྐད་ནང་beetle ཞེས་པའི་འབུ་དེ་ལས་གཞན་དུ་མེད།

སྦུར་པ་ནི་ས་འོག་དང་ས་སྟེང་། ནམ་མཁའ་གསུམ་ཆར་བསྐྱོད་ཐུབ་པའི་འབུ་སྲིན་ཞིག་ཡིན་པ་དང་། བོད་དུ་བྱིས་པ་ཚོས་སྦུར་པ་བཟུང་ནས་ཤུགས་ཚད་དུ་བཅུགས་པ་དང་། ཤོག་བུ་ཁོག་སྟོང་དེ་འདྲ་གཡོགས་ནས་འཁུར་བཅུགས་ནས་རྩེད་མོ་ཡང་རྩེ་ཡི་ཡོད། སྦུར་པའི་ཨ་མ་དེ་ཚོའི་བྲང་ཁོག་འུག་སྦུར་ཕྲུག་གིས་ཁེངས་བསྡད་ཡོད་ལ་སྦུར་པས་མིས་མགོ་བོར་ཞུས་ན་ན་ཚ་ཆེན་པོ་བཏང་གི་རེད་ལ། སྐབས་རེ་གློག་གི་ཤེལ་ཏོག་ལ་རྒྱབ་ནས་ཤེལ་ཏོག་བཅོག་པར་ཡང་བྱེད་ཀྱི་རེད། ཕྱི་རྒྱལ་དུ་dung beetleསྦུར་པ་རིགས་ཤིག་གིས་ས་རིལ་རིལ་ཆེན་པོ་དེ་འདྲ་བཟོ་ཡི་ཡོད་འདུག

ཁྱི་སྨྱོ། ༼ཤེས་བྱ།༽


༡ ནད་དེའི་སྐོར།
འཛམ་གླིང་ནང་ལོ་རེར་མི་གྲངས་༥༠༠༠༠ལྷག་པ་ཁྱི་སྨྱོའི་ནད་ཀྱི་རྐྱེན་གྱིས་འཆི་ཡི་ཡོད་ལ། དེའི་ནང་ནས་ཀྱང་ཨེ་ཤེ་ཡ་གླིང་ཆེན་དང་ཨཕ་རི་ཀའི་གླིང་ཆེན་ནང་བརྒྱ་ཆ་༩༥ནད་དེས་རྐྱེན་ལམ་དུ་གཏོང་གི་ཡོད། དེ་ཡང་མང་ཆེ་བ་ཁྱིས་སོ་རྒྱབ་པ་དང་དེའི་ཁྲོད་ནས་བརྒྱ་ཆ་༣༠ནས་༦༠བར་བྱིས་པ་ལོ་༡༥མན་ཆད་ཡིན། སྤྱི་ལོ་༢༠༠༣མགོ་སྟོད་དུ་ལྷོ་ཨཕ་རི་ཀའི་ནང་མི་མང་པོ་རང་འཁྱམས་ཀྱི་སེམས་ཅན་བདག་གཉེར་བྱེད་མཁན་མེད་པའི་སེམས་ཅན་སྤྱི་དང་དམིགས་བསལ་ཙི་ཙི་སྒམ་པོ་དང་ཁྱི་བརྒྱུད་ནས་ཁྱི་སྨྱོ་ཕོག་ནས་འདས་ཡོད་འདུག

༢ ནད་དེའི་ངོ་བོ།
ཁྱི་སྨྱོའི་ནད་ལ་དབྱིན་སྐད་དུ་ར་སྦི་སེ་Rabiesཟེར་གྱི་ཡོད་ལ་བོད་སྐད་དུ་ཁྱི་སྨྱོ་ཟེར་བ་ཡིན། ནད་དེ་ནི་སེམས་ཅན་ནས་མི་ལ་འགོ་ནུས་པའི་སྲིན་འབུ་ཅན་གྱི་ནད་རིགས་ཤིག་ཡིན། ཁྲག་ཚ་པོའི་སེམས་ཅན་རྣམས་ཁྱི་དང་བྱ་སོགས་ཁྲག་ཚ་པོའི་སེམས་ཅན་དང་རྩངས་པ་སྒལ་ལེབ་དང་སྡིག་པ་སོགས་ཁྲག་གྲང་མོའི་སེམས་ཅན་ཡིན།ནད་དེའི་རྐྱེན་གྱིས་ཀླད་པ་སྦོས་པའམ་སྐྲང་ནས་ན་ཟུག་དྲག་པོ་བཏང་སྟེ་འཆི་ལམ་དུ་གཏོང་ཐུབ་ཀྱི་ཡོད། དེས་ན་ཁྱི་སྨྱོ་ནད་དེ་ནད་རྟགས་དྲག་པོས་མ་ཟིན་གོང་དུ་སྔོན་འགོག་གིས་བཅོས་ཐབས་མ་བྱས་ན་ཕལ་ཆེར་འཆི་ངེས་ཀྱི་ནད་རིགས་ཤིག་ཀྱང་ཡིན། ཁྱི་སྨྱོའི་ནད་འབུ་དེ་ལུས་ཀྱི་མཐའི་རྩ་ལམ་དག་ཏུ་བཞུགས་ཏེ་དེ་ཀླད་པའི་ནང་འགྲོ་ཡི་ཡོད་ཞིང༌། སྤྱིར་བཏང་མིའི་ལུས་པོའི་ནང་ཁྱི་སྨྱོའི་ནད་འབུ་འཕེལ་རྒྱས་ཀྱི་དུས་ཡུན་ཟླ་བ་ཁ་ཤས་ཡིན་ནའང༌། ནད་འབུ་དེ་དབུས་ཀྱི་སྒལ་ཚིགས་ནང་གི་གཞི་མའི་དབང་རྩའི་བར་སླེབས་དགོས་པས་བར་ཐག་རིང་ཐུང་ལས་ནད་འབུ་འཕེལ་རྒྱས་ཀྱི་དུས་ཡུན་ལ་མི་འདྲ་བའི་ཁྱད་པར་ཡང་ཡོད་པ་ཡིན། གཞི་རྩའི་དབང་རྩའི་ནང་ནད་འབུ་ཐེངས་གཅིག་སླེབས་པ་དང་ནད་རྟགས་འཐོན་རྒྱུ་འགོ་འཛུགས་ཀྱི་ཡོད། སྤྱིར་བཏང་ནད་ཀྱི་གཉེན་ཁ་རྒྱས་ཟིན་པ་དག་ལ་དོན་ཐོག་འཁེལ་བའི་སྨན་བཅོས་ད་བར་མེད་པས་ཉི་མ་ཁ་ཤས་ནས་ནད་པ་དེ་འཆི་བར་ངེས་པ་ཡིན། ཁྱི་སྨྱོའི་ནད་དེར་ཡང་ཕྱེ་ན་རིགས་མི་འདྲ་བ་གཉིས་ཙམ་ཡོད་འདུག


༣ ནད་འགོ་ཚུལ།
ནད་དེ་ཕལ་ཆེ་བ་ནད་ཕོག་ཟིན་གྱི་སེམས་ཅན་གྱིས་སོ་རྒྱབ་པ་དང་སེན་མོས་དྲེད་པ་སོགས་ལས་འགོས་ཀྱི་ཡོད་ནའང༌། མཚམས་རེ་གཞན་དང་ཐུག་འཕྲད་ཀྱི་སྤྱོད་ཚུལ་ལས་འགོས་པ་ཡང་ཡོང་གི་ཡོད།

༤ ནད་རྟགས།
ནད་རྟགས་ནི་ཁྱི་སོགས་སྨྱོ་ནད་ཅན་གྱིས་སོ་རྒྱབ་ནས་ཞག་པོ་ཁ་ཤས་ཀྱི་རྗེས་སམ། ཡང་ཁ་ཤས་ལ་ལོ་གཅིག་ལྷག་ཙམ་གྱི་རྗེས་སུ་གཞི་ནས་ནད་རྟགས་འཐོན་པ་ཡོང་གི་ཡོད། སྤྱིར་བཏང་ཁྱི་སྨྱོའི་ནད་རྟགས་ནི་འཆམ་ནད་དང་པོར་ཕོག་པ་དང་འདྲ་པོ་ཡོད་ལ། དུས་རྒྱུན་ཀྱང་བདུན་ཕྲག་གཉིས་ནས་བཅུ་གཉིས་ཀྱི་བར་འགོར་བ་འདྲ་མཚུངས་སུ་ཡོད།

དམིགས་བསལ་ཁྱི་སྨྱོའི་ནད་རྟགས་ནི་གང་དུ་ཁྱི་སོགས་ཀྱིས་སོ་རྒྱག་སའི་ཉེ་འཁོར་དུ་ཤ་སྦིར་བ་དང་ཁྱུག་ཁྱུག་བྱེད་པའི་ཚོར་བ་ཡོང་གི་ཡོད། དེ་ཡང༌། ཡང་ཡང་ཚ་བ་ཕར་བ། མགོ་བོ་ན་བ། ལུས་པོ་ཤ་འཚིལ་ན་བ། ཟས་ཀྱི་དྭངས་ཁ་ཤོར་བ། སྐྱུག་མེར་ལང་པ། ངལ་ཞིང་དུབ་པ་བཅས་ཀྱི་ནད་རྟགས་དག་དང་ལྷན་དུ་ཡོང་གི་ཡོད།

ཁྱི་སྨྱོའི་ནད་རྟགས་ཕྲན་བུ་རྒྱས་རྗེས་མྱུར་བར། ལུས་པོ་འགུལ་མི་ཐུབ་པ་དང༌། ཀླད་པས་རྒྱུན་ལྡན་ལྟར་ལས་ཀ་མི་བྱེད་པ། སེམས་སྡུག་པ། གཉིད་མི་ཁུག་པ། འཐོམ་འགྲོ་བ། སེམས་འཁོལ་བ། རྣམ་གྱུར་སྤྱི་དང་མི་མཐུན་པ། འཁྲུལ་སྣང་འཆར་བ། དངངས་སྐྲག་སྐྱེད་པ། སེམས་འཆོལ་བ། འཆིལ་མ་དང་མིག་ཆུ་ཇི་མང་འཐོན་པ། སྐད་ཆ་ཤོད་དཀའ་བ་སོགས་ཀྱི་ནད་རྟགས་བསྐྱེད་ཡོང་གི་ཡོད། ནད་དེས་རྐྱེན་གྱིས་མིད་པ་འགུལ་མེད་ཆགས་པ་དང་དེ་ནས་ཨོག་མ་འགུལ་མེད་ཆགས།

༥ ནད་དེ་ལས་སྲུང་སྐྱོབ་དང་སྨན་བཅོས།
ཁྱི་སོགས་སེམས་ཅན་གང་ཞིག་གིས་སོ་རྒྱབ་པ་ཡིན་ན་དང་ཐོག་སེམས་ཅན་དེ་སྨྱོ་ནད་ཕོག་མིན་ལ་མ་ལྟོས་པར། དུས་ཡུན་སྐར་མ་བཅུ་ཙམ་གྱི་རིང་དག་རྫས་རྒྱབ་ནས་སོ་རྒྱབ་ས་དེའི་གཡས་གཡོན་དང་བཅས་པ་ཡག་པོར་དཀྲུས་ནས་རྨ་དཀྲི་གཙང་མ་ཞིག་གིས་བསྡམས་དགོས། དེ་མ་ཐག་སྨན་པ་འབོད་ནས་མྱུར་སྐྱོབ་ཀྱི་སྨན་ཁང་དུ་བསྐྱོད་དགོས། སུ་ཞིག་ལ་ཁྱི་སྨྱོའི་ནད་ཀྱི་ཉེན་ཁ་བྱུང་ན་ངེས་པར་སྨན་ཁང་དུ་སོང་ནས་བཅོས་ཐབས་བྱེད་དགོས། དེ་ནས་སོ་རྒྱབ་མཁན་དེ་སེམས་ཅན་དེ་རྩད་གཅོད་ནས་བཀག་ཉར་བྱས་ཏེ་ཁྱི་སྨྱོའི་ནད་ཕོག་ཡོད་མིན་བརྟག་དཔྱད་བྱེད་དགོས། གལ་དེ་སེམས་ཅན་དེའི་བདག་པོ་ཧ་གོ་ན་དེའི་ས་ནས་སེམས་ཅན་དེ་ལ་སྔོན་འགོག་ཁབ་རྒྱབ་པའི་ཟིན་ཐོ་དང་ཁ་བྱང་བཅས་ལེན་དགོས་པ་དང༌།
དམིགས་བསལ་སེམས་ཅན་དེར་སྔོན་འགོག་གི་ཁབ་རྒྱབ་མེད་ན་ཁོར་ཡུག་གི་འཕྲོད་བསྟེན་ལས་ཁུངས་ལ་སྙན་སེང་ཞུ་དགོས།
གལ་ཏེ་ཁྱེད་ཀྱི་ཕྲུག་གུ་ལྟ་བུ་ཞིག་ལ་ཁྱི་རྒྱུས་མེད་པ་དང་ཙི་ཙི་སྒམ་པོ་དང་ཞི་མི་དང་ཙི་ཙི་སོགས་ཀྱིས་སོ་རྒྱབ་ཡོད་པར་དོགས་ན་ལམ་སེང་མྱུར་སྐྱོབ་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱ་དགོས། དེར་ཨེམ་ཆིས་རྨ་ཁ་ཚང་མ་གཙང་མ་བཟོ་རྗེས་ཕྲུག་གུའི་རྩ་ཧྲེང་གི་སྔོན་འགོག་བྱེད་ངེས་ཡིན། ད་ལྟ་མི་མངོན་པའི་གཉེན་ཁ་དེ་ཚོ་ཁྱབ་འཕེལ་འགོག་ཆེད་ཨེམ་ཆིས་ད་ལྟ་ཕྲུག་གུར་མིའི་ཁྱི་སྨྱོའི་ནད་འགོག་གི་ཁྲག་གི་བཅུད་རྫས་ཁབ་human rabies immune globulin (HRIG)རྨའི་མཐར་རྒྱབ་ནས་སྔོན་འགོག་གི་ཁབ་ལག་དཔུང་ལ་རྒྱག་གི་རེད། དེ་ནི་སེམས་ཅན་ལ་བདག་པོ་ཡོད་མེད་དང་སྔོན་འགོག་ཁབ་རྒྱབ་ཡོད་མེད་དང་ཁོང་ཁྲོ་ཟ་ནས་སོ་རྒྱབ་པ་ཡིན་མིན་ལ་མ་ལྟོས་པར་སེམས་ཅན་གྱིས་སོ་རྒྱབ་པའི་གནས་སྟངས་ལ་གཞི་རྩའི་རྒྱུན་ལྡན་གྱི་སྨན་བཅོས་བྱེད་སྟངས་ཤིག་ཡིན།
དེས་ན་ཁྱི་སྨྱོའི་ནད་དེ་སོ་སོའི་གཉེན་ཉེར་མི་ཡོང་ཆེད་སོ་སོས་བདག་ཉར་བྱེད་པའི་ཁྱི་དང་ཞི་མི་སོགས་ལ་སྔོན་འགོག་གི་ཁབ་རྒྱག་དགོས་ཤིང་སང་ལམ་དུ་ཁྱི་འཁྱམས་ནད་རྟགས་ཡོད་ཡོད་འདྲ་བ་དེ་འདྲ་འདུག་ན་ས་གནས་འཕྲོད་བསྟེན་སོགས་ལ་བརྡ་ལན་བྱས་དགོས། སོ་སོའི་ཕྲུག་ལ་ཁྱི་ཞིམ་འཁྱམས་པོ་དེ་ཚོར་ལག་པས་རེག་པ་སོགས་མི་བྱེད་པར་གཟབ་གཟབ་དགོས་པའི་ཁ་བརྡ་བྱེད་རྒྱུ་གལ་ཆེ།

༦ ཁྱི་སྨྱོ་འགོས་ཉེན་ཡོད་པ།
ཨེ་ཤ་ཡ་དང་ཨཕ་རི་ཀའི་གྲོང་རྡལ་དུ་སྡོད་པའི་མི་སྤྱི་དང་ལྷག་པར་ཁྱིམ་ཚང་དབུས་པའི་ཕྲུག་གུ་ཚོར་ཁྱི་སྨྱོན་གྱི་སོ་རྒྱབ་ནས་ཁྱི་སྨྱོ་འགོས་པའི་ཉེན་ཁ་ཆེན་པོ་ཡོད། གཞན་སེམས་ཅན་གྱི་སྨན་པ་དང་ཆེད་ལས་པ། ལྷག་པར་དུས་རྒྱུན་གྲོང་གསེབ་ཀྱི་ཁང་པའི་ཕྱི་རོལ་དུ་སྡོད་མི། ཙི་ཙི་སྒམ་པོ་མང་པོ་ཡོད་སར་བསྐྱོད་མི་རྣམས་ཀྱང་ཉེན་ཁ་ཆེན་པོ་ཡོད་པས་ཁོང་ཚོས་ངེས་པར་དུ་ཁྱི་སྨྱོ་སྔོན་འགོག་གི་ཁབ་རྒྱག་དགོས།

སྤྱི་ལོ་༢༠༡༠ཟླ་བ་༣་ཚེས་༤་ཉིན་ར་ས་ཕོ་ཉས་སྤྱི་ཚོགས་སུ་སྨན་རེས་བྲིས།

Kyoto_man_dies_from_rabies_dog_bite
ཁྱི་སྨྱོན་གྱི་དཔར།