2012-04-30

ང་དང་རྩོམ་ཡིག དགུང་སེང་གི་ཉིན་མོ།

གྲོགས་པོ་ཆུང་ཆུང་བསྟན་འཛིན་འཕྲིན་ལས་ཀྱི་ཆེད་དུ་བྲིས།


ང་རང་བཅུ་བཞི་བཅོ་ལྔ་ཙམ་ལ་སླེབས་སྐབས་སུ་ཡང་རྩོམ་ཡིག་ལ་དོ་སྣང་ཅང་མེད། མ་ཟད་ཉིན་ཞིག་དགེ་རྒན་གཅིག་པ་ཞིག་གིས་བློ་གསལ་རྩོམ་རིག་དགའ་ཚལ་ཞེས་པའི་དེབ་ཕྲེང་དང་པོ་དེ་སྤྲད་བྱུང་ཡང་དེ་ཙམ་དགའ་པོ་གང་ཡང་མ་བྱུང་། འོན་ཀྱང་། དེ་རྗེས་ཙམ་ནས་བོད་ཡིག་ལ་དོ་སྣང་ཅན་གྱི་ངོ་ཤེས་མི་ན་ཚོད་རྒས་ཙམ་ཞིག་ཡོད་པ་དེས་ང་ལ་ཕ་ཡུལ་ན་གཞོན་བརྙན་དེབ་(ངོས་སུ་རྡོ་སེང་གེའི་པར་ཡོད་པ་)ཞིག་གནང་བྱུང་། ངས་དེབ་དེ་ཆ་ཚང་བཀླགས་པ་ཡིན། དེབ་དེའི་ནང་གི་རྩོམ་ཡིག་སྤྱི་དང་ལྷག་པར་རོ་སྒྲུང་དང་མུ་འབྲེལ་(cartoon)སྒྲུང་གཏམ་དེ་ཚོར་ང་རང་དགའ་པོ་ཞེ་དྲག་བྱུང་སོང་། དེ་ནས་མུ་འཐུད་ཕ་ཡུལ་བརྙན་དེབ་འདོན་ཐེངས་ཅི་བྱུང་རིམ་པས་བཀླགས་པ་ཡིན། སྐབས་ཤིག་ནས་བརྙན་དེབ་ཀློག་མདུན་འཕེལ་བ་དང་ལྷན་དུ་བརྙན་དེབ་ནང་དུ་རྩོམ་ཡིག་འབྲི་འདོད་བྱུང་སོང་བས། ཉིན་ཞིག་ངས་དགུང་སེང་གི་ཉིན་མོ་ཞིག་དམ་འཛིན་བྱས་ནས། དེ་སྔ་ནས་ཁོ་བོར་མིས་སྤྲད་པའི་རྩོམ་སྒྲུང་ཤོག་ལྷེ་འགའ་ཅན་ཞིག་ཡོད་པ་དེར་བསྐྱར་བཅོས་གང་མཚམས་བྱས་པ་དང་། དང་ལྷན་དུ་རང་གི་བསམ་བློ་བཏང་ནས་གླང་ཆེན་གྱིས་འཕར་བ་བསད་པའི་མགོ་རྙོག་ཞིག་ཀྱང་བྲིས་ཏེ་ཕ་ཡུལ་རྩོམ་སྒྲིག་ཁང་དུ་བསྐུར་བའི་འབྲས་བུར། རྩོམ་ཡིག་དེ་གཉིས་ཀ་ཕྱིས་ཕ་ཡུལ་ཤེས་བྱའི་བང་མཛོད་(འདོན་ཐེངས་དང་པོ་དེ་ཡིན་པ་ཡོད།)བྱ་བ་ཤོག་ལྷེ་གཉིས་ཅན་དེའི་ནང་བཏོན་སོང་བས་དགའ་ཚོར་དཔག་མེད་བསྐྱེད། དུས་དེ་ནས་བཟུང་ངས་དགུང་སེང་གང་ཡིན་དམ་འཛིན་གྱིས་(སྨྱུག་རྒོད་གངས་བུ་དཔལ་)ཟེར་བའི་མིང་ཐོག་ནས་བྱིས་པའི་བློ་དང་འཚམས་པའི་རྩོམ་ཡིག་གང་མང་བྲིས་ནས་ཕ་ཡུལ་དང་དེ་དེབ་གཞན་འགའི་རྩོམ་སྒྲིག་ཁང་དུ་བཏང་པ་ཡིན་ལ། དེ་མཚུངས་འདོན་མཚམས་བཞག་ཟིན་པའི་ཕ་ཡུལ་ན་གཞོན་བརྙན་དེབ་དང་འདྲ་བའི་སྐྱ་རེངས་ན་གཞོན་བརྙན་དེབ་བྱ་བའི་དུས་དེབ་ཞིག་ཀྱང་གསར་གཏོད་བྱས་ཡོད། དེ་ལྟར་ངས་རྩོམ་ཡིག་དང་པོར་བྲིས་དུས་དག་བཅོས་སོགས་བྱས་ནས། ཐེངས་གསུམ་ཙམ་འབྲི་ཡི་ཡོད་པ་དང་། དེ་བཞིན་མུ་འབྲེལ་གྱི་རྩོམ་ཡིག་འབྲི་དུས་རི་མོའི་གཟུགས་བརྙན་ཡང་ལྷན་དུ་བྲིས་ཀྱི་ཡོད་པས་དུས་ཚོད་མང་པོ་ཞིག་དེ་འདྲའི་ཐོག་བཏང་པར་བརྟེན། ཤག་གི་རྒན་(གྲྭ་པར་ཕ་མ་ནང་བཞིན་བལྟ་རྟོག་བྱེད་མཁན་ཞིག་ཡོད།)གིས་ཁྱེད་རང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པ་རེད་དམ་ཞེས་ཟུར་ཟ་ཡང་བྱས་མྱོང་ཡོད། འདི་ནི་ང་དང་རྩོམ་ཡིག་གི་འབྲེལ་བ་ཡིན། ད་ལྟ་ངས་བསམ་བློ་གཏོང་དུས་སྔོན་མ་དགུང་སེང་གི་ཉིན་མོར་རྩོམ་ཡིག་བྲིས་པ་དེ་ནི། ཧ་ཅང་གི་དགུང་སེང་གཏོང་སྟངས་ཡག་པོ་ཞིག་ཡིན་པ་ཚོར་གྱི་འདུག

1 comment:

  1. ར་ས་ཕོ་ཉ་ལགས་ཁྱེད་ཀྱིས་བྲིས་པའི་རྩོམ་དེ་ཁྱེད་རང་གི་རྩོམ་བྲིས་རྒྱུར་དགའ་བོ་གང་འདྲ་ཆགས་ཡོད་མེད་ངས་ཧ་གོ་སོང།

    ReplyDelete

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།