Showing posts with label གཞས་ཚིག. Show all posts
Showing posts with label གཞས་ཚིག. Show all posts

2011-10-11

རྐང་སྤོལ་གཞས།

གཞས་ཚིག ར་ས་ཕོ་ཉ།

སོ་ཡ། གཅིག་གཉིས་གསུམ།
རྩེད་མོ་བ་ཚང་མ་རྒྱུགས་ཤར་གློད།

སྔོ་ལྗང་གི་སྤང་གི་སྟེང་ལ།
ཡིད་འོང་གི་སྤོ་ལོ་གཅིག་པུ།
ཕན་ཚུན་དུ་འཕྲོག་རེ་བྱས་པའི།
རྐང་སྤོལ་གྱི་རྩེད་མོ་སྐྱིད་པ།

ལྟད་མོ་བ་ཚང་མས་ཐལ་མོ་འརྡབ།
རང་རང་དགའ་མོས་ཀྱི་ཕྱོགས་ལ་འབོད།
སྤོ་ལོ་ཐེངས་གཅིག་སྒོ་ནང་བླུགས་པའི་རེ་བ་བྱས།

2010-05-14

ཨ་མ་དྲན་མ།

ཚེ་སྔོན་ལས་དང་སྨོན་ལམ།
ངན་པའི་འབྲས་བུ་སྨིན་པས།
ངེད་ཅག་མ་བུ་གཉིས་པོ།
མ་ཤི་གསོན་བྲལ་བྱུང་སོང་།

བརྩེ་བའི་ཨ་མའི་བཞིན་རས།
དབང་ཕྱོགས་རི་བོའི་རྩེ་མོར།
ག་དུས་མཇལ་ཡོང་སྙམ་ནས།
བུ་ང་འགུག་ནས་བསྡད་ཡོད།

ལྕང་སྡོང་ལྒང་ལ་བྱིའུ་ཚོའི།
མ་བུ་མཉམ་འཛོམས་མཐོང་དུས།
ང་ཡི་ཨ་མའི་བཞིན་རས།
རང་དབང་མེད་པར་དྲན་གིས།

མིག་ནས་མིག་ཆུ་མང་པོ།
གཏོང་དགོས་བསམས་པ་མེད་ཀྱང་།
ཨ་མའི་འཛུམ་མདངས་འཆར་དུས།
འཛད་རྒྱུ་མེད་པ་ཤོར་སོང་།

སྐྱབས་ཅིག་ཡིད་བཞིན་ནོར་བུའི།
ཐུགས་རྗེ་ཉག་གཅིག་བརྟེན་ནས།
དྲིན་ཆེན་ཨ་མའི་བཞིན་རས།
འཇལ་བའི་སྨོན་ལམ་འདེབས་ཡོད།
༢༠༠༣་ལོར།

2010-05-13

ཨ་མ་ལགས།

ཟླ་དགུ་ཞག་བཅུ་ཁོག་ཏུ་ཁྱེར་བ་ང་ཡི་ཨ་མ་ཡིན།
མ་མཐོང་གོང་ནས་བརྩེ་བ་བཅངས་པ་ང་ཡི་ཨ་མ་ཡིན།
སྙིང་དང་འདྲ་བ་གཅེས་སྤྲད་བྱེད་པོ་ང་ཡི་ཨ་མ་ཡིན།
ཁྱོད་ཡང་ཡང་དྲན་ནོ་ང་ཡི་ཨ་མ་ལགས།

ཟླ་དགུ་ཞག་བཅུ་སྤང་ཏུ་ཁྱེར་བ་ང་ཡི་ཨ་མ་ཡིན།
སྙིང་བཅུད་ལྡན་པའི་ནུ་ཞོ་བྱིན་པོ་ང་ཡི་ཨ་མ་ཡིན།
ཉིན་མཚན་མེད་པ་ལྟ་སྲུང་བྱེད་པོ་ང་ཡི་ཨ་མ་ཡིན།
ཁྱོད་ཡང་ཡང་དྲན་ནོ་ང་ཡི་ཨ་མ་ལགས།

ཟླ་དགུ་ཞག་བཅུ་རྒྱབ་ཏུ་ཁྱེར་བ་ང་ཡི་ཨ་མ་ཡིན།
དགོན་པ་གང་སར་མཆོད་མཇལ་ཁྲིད་པོ་ང་ཡི་ཨ་མ་ཡིན།
བླ་མ་གང་སར་བྱིན་རླབས་ཞུ་བོ་ང་ཡི་ཨ་མ་ཡིན།
ཁྱོད་ཡང་ཡང་དྲན་ནོ་ང་ཡི་ཨ་མ་ལགས།

ཟླ་ཞག་ངེས་མེད་རྟག་ཏུ་དྲན་པ་ང་ཡི་ཨ་མ་ཡིན།
སྨོན་ལམ་ཡོད་ཚད་ང་ལ་འདེབས་པ་ང་ཡི་ཨ་མ་ཡིན།
མིག་ཆུ་ཡོད་ཚད་ང་ལ་གཏོང་བ་ང་ཡི་ཨ་མ་ཡིན།
ཁྱོད་ཡང་ཡང་དྲན་ནོ་ང་ཡི་ཨ་མ་ལགས།

གྲོགས་པོ་བཟང་པོའི་ཚུལ་དུ་ཡོད་པ་ང་ཡི་ཨ་མ་ཡིན།
དགེ་རྒན་བཟང་པོའི་ཚུལ་དུ་ཡོད་པ་ང་ཡི་ཨ་མ་ཡིན།
དགྲ་བོ་དམར་པོའི་ཚུལ་དུ་ཡོད་པའང་ང་ཡི་ཨ་མ་ཡིན།
མདོར་ན་སེམས་ཅན་ཐམས་ཅད་ཨ་མ་ཡིན།