བསོད་ནམས་ཡེ་ཤེས་ཚོགས་གཉིས་གོམས་པའི་མཐུས།།
གྲགས་པའི་དབྱར་རྔ་སྲིད་འདིར་སྒྲོག་པ་ཡིས།།
མཁས་གྲུབ་བྱེ་བའི་གདུལ་བྱ་སྐྲུན་མཁས་པ།།
རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།།
རྩོད་དུས་ཀྱི་པཎྚི་ཏ་ཆེན་པོ་མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པ་ནི་སྤྱི་ལོ་༡༤༧༨ས་ཕོ་ཁྱིའི་ལོ་ལ་རྩེད་ཐང་དུ་ནང་པར་ལམ་པའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ཉིད་ནས་ཆོས་རྗེ་བསོད་ནམས་བཀྲ་ཤིས་ལས་དགེ་བརྙན་གྱི་སྡོམ་པ་མནོས་པས་མཚན་བསོད་ནམས་གྲགས་པའི་དཔལ་དུ་གསོལ། ཕྱིས་བྱང་སེམས་བདེ་མོ་ཐང་པའི་སྲས་ཆོས་རྗེ་སངས་རྒྱས་བཟང་པོ་དང་རིན་ཆེན་ཆོས་བཟང་གཉིས་ལ་ཚིག་སྔ་ཕྱིའི་རབ་བྱུང་གི་མཁན་པོ་ཞུས་ཏེ་དགེ་ཚུལ་དང་བརྙན་རྫོགས་རིམ་པ་བཞིན་མཛད། གསང་ཕུ་ཉི་མ་ཐང་དང་། ཆོས་གྲྭ་ཆེན་པོ་སེར་ར་ཐེག་ཆེན་གླིང་དུ་སློབ་གཉེར་མཛད་ཅིང་། སེ་རར་ཡོངས་འཛིན་ཆེན་པོ་འཇམ་དབྱངས་དོན་ཡོད་དཔལ་ལྡན་དགུང་ལོ་ཉེར་བདུན་གྱི་བར་དུ་བསྟེན་ནས། ཚད་མ་མདོ། རྣམ་འགྲེལ། རྣམ་ངེས། རིགས་ཐིག མདོ་རྩ། ཕར་ཕྱིན། མངོན་པ་གོང་འོག རྩ་འཇུག གཞི་གསུམ་རྒྱུད་བླ། སྤྱོད་འཇུག དྲང་ངེས་རྣམ་འབྱེད། སྟོང་ཐུན། བྱང་ཆུབ་ལམ་རིམ། བསླབ་བྱ་ཆེ་ཆུང་། གཞི་གསུམ་ཆོ་ག་སྒྲུབ་བསྟན་བྱི་དོར། སོགས་གཞུང་ལུགས་མཐའ་ཡས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་རྩེད་ཐང་དུ་རབ་འབྱམས་གྲྭ་སྐོར་མཛད། རྒྱུད་སྟོད་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་བསྟེན་པས་སྔགས་ལའང་མཁས་པ་ཆེན་པོར་གྱུར་ཏེ་རྒྱུད་སྟོད་པའི་འཆད་ཉན་ལོ་བཅུ་བཞི་མཛད། དགུང་ལོ་སོ་དྲུག་པ་ལ་གསང་འདུས་བསྐྱེད་རྫོགས་ཀྱི་ཊིཀ་ཆེན་བརྩམས། རྗེ་དགེ་འདུན་རྒྱ་མཚོ་ལས་ཆོས་མང་དུ་གསན་ཅིང་རྗེ་གང་གི་བཀས་ནན་གྱིས་སྐུལ་བས་འབྲས་སྤུངས་བློ་གསལ་གླིང་གི་འཆད་ཉན་པ་མཛད་ནས་ལོ་གཅིག་སོང་བ་ན་ཤར་པ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་ང་གཉིས་ལ་དགའ་ལྡན་ཁྲིར་ཕེབས། དགུང་ལོ་ང་བརྒྱད་ལ་འབྲས་སྤུངས་ཀྱི་ཁྲིར་ཕེབས། ༸རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོའི་གཙུག་ཕུད་བཞེས་པ་དང་མཚན་གསོལ་ཞིང་ཡོངས་འཛིན་མཛད། དགུང་ལོ་དོན་བཞི་ལ་ཕེབས་སྐབས་འབྲས་སྤུངས་གཟིམས་ཁང་གོང་དུ་ཟུར་ཞུགས་གནང་། དགུང་ལོ་དོན་བདུན་པ་སྤྱི་ལོ་༡༥༥༤ཤིང་སྟག་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་རེ་ཞིག་དགོངས་པ་ཞིང་གཞན་དོན་དུ་གཤེགས་སོ། །དངུལ་གདུང་འབྲས་སྤུངས་སུ་བཞུགས་སོ།།
བརྩམས་ཆོས་ལ། གཞུང་ཆེན་བཀའ་པོད་ལྔའི་མཐའ་དཔྱད། དབུ་ཕར་སྤྱི་དོན། གསང་འདུས་བསྐྱེད་རྫོགས། རྒྱུད་བླའི་ཊིཀྐ། རྒྱུད་སྡེ་སྤྱི་རྣམ། དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་པ། ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྒྱལ་རབས་འཕྲུལ་གྱི་ལྡེ་མིག ཀུན་བཏུས་དང་ཀུན་གཞི་དཀའ་འགྲེལ་སོགས་ཚིག་དོན་ཕུན་གསུམ་ཚོགས་པ་དེ་འདྲ་མང་དུ་མཆིས།
སྐྱེ་རབས་ཀྱི་ཕྲེང་བ། རྒྱ་གར་དུ་སློབ་དཔོན་སེང་གེ་བཟང་པོ་དང་། ཡོན་ཏན་འོད་དང་། བོད་དུ་ཁ་ཆེ་པཎ་ཆེན་ཤཀྱ་ཤྲི་དང་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐུ་སྐྱེར་ཞལ་གྱི་བཞེས་པ་ཡིན་ཞིང་། ཕྱིས་ཡང་སྲིད་ལ། སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་བཟང་པོ། དེའི་ཡང་སྲིད་དུ་སྤྲུལ་སྐུ་ངག་དབང་བསོད་ནམས་དགེ་ལེགས་བྱོན།
དེ་ནས་བཻཌཱུརྱ་སེར་པོ་ལས་གང་ཁ་ས་པའི་ནང་སོ་གྲོ་ལྷུག་ཐོག་མར་༸ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུ་ཡོང་དུ་རེ་ཡང་རྗེས་སུ་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ་བྱས་པས་མཐར་སྐྱེ་གནས་ཀྱང་མི་བཟང་བར་གྱུར་ཏོ། །ཞེས་གསུངས་པ་བཞིན་ཡང་སྲིད་ལོག་པ་ལམ་དུ་སོང་བ་ལས་སྐུའི་སྐྱེ་རབས་ཀྱི་ཕྲེང་བའི་རྒྱུན་ཡོངས་གྲགས་སུ་མ་འཚལ་ལོ།།
པཎ་ཆེན་དེའི་གསུང་ལ་ཆེད་མངགས་སློབ་གཉེར་བྱེད་མཁན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། ར་སྟོད་གྲྭ་ཚང་། ཀིརྟི་དགོན་པ། རྒྱུད་སྟོད་གྲྭ་ཚང་། རྡ་སའི་རིག་སློབ་སློབ་གྲྭ་སོགས་མང་པོ་ཡོད་དོ།།
ས་གླང་མགོ་ཟླ་བའི་ཚེས་བཅུ་བཞི་སྟེ་པཎ་ཆེན་དེ་ཉིད་ཀྱི་དགོངས་རྫོགས་ཀྱི་མཆོད་སྤྲིན་དུ་བྲིས་སྤེལ་བྱས།
Showing posts with label རྟོགས་བརྗོད།. Show all posts

2010-05-14
པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་མདོར་བསྡུས།
2010-05-13
རྒྱལ་བུ་རྐང་ཁྲ།
སྔོན་འདས་པའི་དུས་ཤིག་ན་རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་པོ་བྲན་བཟང་ཞེས་པ་ཞིག་ཡོད། ཉིན་གཅིག་རྒྱལ་པོ་ཁོང་ནགས་སུ་འཕོངས་སམ་མདའ་རྩལ་སྦྱང་བར་སོང་བ་ན་སེངྒེ་མོ་ཆགས་པས་མྱོས་པ་ཞིག་དང་འཕྲད་པ་ལས་ཟླ་བ་བཅུ་གཅིག་སོང་བ་ན་སེངྒེ་མོ་ལ་བུ་གཅིག་སྐྱེས་སོ། །
བུ་དེ་ནི་གཟུགས་བཟང་ཞིང་སྟོབས་དང་ལྡན་པ་ཤ་ལ་དགའ་བ། སྤུ་ཁྲ་བོ་ཡོད་པ་བྱུང་བས་རྒྱལ་བུ་རྐང་ཁྲའམ་སེངྒེ་བྲན་བཟང་ཞེས་གྲགས། དེ་ཆེར་སྐྱེས་པ་ནས་རྒྱལ་པོ་བྱེད་པའི་ཚེ་བཙུན་མོ་སྣངས་ཆེན་གཉིས་ཡོད་པ་ལ། ཉིན་གཅིག་རྒྱལ་པོས་སང་ཉིན་ང་སྐྱེད་མོལ་ཚལ་དུ་འཁྱམ་དུ་འགྲོ་བའི་ཤུལ་དུ་སྔར་ཡོང་བ་དེ་དང་རྩེ་དགའ་ཀུན་ཏུ་སྤྱོད་ཀྱི། ཕྱིས་འོངས་པ་དང་མི་སྤྱོད་དོ་ཞེས་ལབ་པས་སང་ཉིན་དེར་བཙུན་མོ་གཉིས་ཀྱིས་རང་རང་གི་གཟབ་མཆོར་ལེགས་པར་སྤྲད་ནས་དུས་གཅིག་ཏུ་ཕོ་བྲང་དུ་ཕྱིན་པ་ན། ལམ་དུ་ལྷ་རྟེན་ཤིག་ཡོད་པས་དེར་བཙུན་མོ་གཅིག་གིས་གཞོན་པ་ལས་འབབ་ནས་ཕྱག་འཚལ་བས་བཙུན་མོ་དེ་རྒྱལ་པོའི་ཕྱིས་ལུས་སོང༌། དེས་ན་མོ་ལ་བཙུན་མོའི་སྣངས་ཆེན་མ་ཐོབ་པས་མོ་ཁྲོས་ཏེ་ད་གིན་གྱི་ཕྱག་བྱ་སའི་ལྷ་རྟེན་དེ་བཤིགས་ཏེ་ཁྱོད་ལ་ཕྱག་འཚལ་བསྡད་པས་ང་ལ་བཙུན་མོའི་སྣངས་ཆེན་མ་ཐོབ། ད་ཁྱོད་ལ་མཐུ་ཡོད་ན་ང་ལ་རོགས་པ་གྱིས་ཤིག་ལབ་པས། ལྷ་དེའང་ཁྲོས་ནས་རྒྱལ་པོའི་ཕོ་བྲང་དུ་གནོད་པ་བྱ་བར་སོང༌། དེའི་ཚེ་ལྷ་དེས་རྒྱལ་པོའི་མཆོད་གནས་དྲང་སྲོང་ཞིག་ཡོད་པ་དེ་གཞན་དུ་ཟས་ཟ་བར་འགྲོ་བ་མཐོང་བ་ན་ལྷ་དེས་གོ་སྐབས་རྙེད་དེ་དྲང་སྲོང་གི་གཟུགས་སུ་སྤྲུལ་ནས་རྒྱལ་པོའི་ཕོ་བྲང་གི་ཐབ་ཚང་ནང་ཕྱིན་ནས་དེ་རིང་ནས་བཟུང་ང་ལ་ཁ་ལག་ཤ་ཁྱེར་ཤོག་ཅེས་ལབ་པས། མ་བྱན་གྱིས་རྒྱལ་པོར་བཀའ་འདྲི་ཞུས་པས་རྒྱལ་པོས། ཀྱེ་མ་དྲང་སོང་ཤ་ཟ་བ་ངོ་མཚར་ཆེ་ཡང༌། ད་ཐབས་མེད་ཀྱི་ཤ་དྲོངས་ཤིག་ཅེས་བཀའ་གནང༌། མ་བྱན་གྱིས་ཤ་ཕུལ་བ་བཞིན་དྲང་སྲོང་གྱི་གཟུགས་སུ་སྤྲུལ་བའི་ལྷ་དེས་ཟོས་ཏེ་ལོག་སོང་ངོ༌། །སང་ཉིན་དེར་དྲང་སྲོང་ངོ་མ་ཟས་ལ་ཡོང་བའི་དུས་མ་བྱན་ཚོས་ཤ་ཕུལ་བས། དྲང་སྲོང་ཁྲོས་ཏེ་ང་ལ་ཤ་སུས་དྲོངས་ཟེར་ཅེས་དྲིས་པ་ན་རྒྱལ་པོས་ཕུལ་གསུང་གི་འདུག་ལབ་པས། དྲང་སྲོང་ཁོང་ཁྲོ་ཟོས་ནས་རྒྱལ་པོ་འདིས་མི་ལོ་བཅུ་གཉིས་ཀྱི་བར་དུ་མི་ཤ་ཟ་བར་གྱུར་ཅིག་ཅེས་དམོད་མོ་དོར་ཏེ་ཕྱིན་ཏོ། །
དེ་ནས་དགེ་སློང་བསོད་སྙོམས་པ་ཞིག་གིས་གྲོང་ཁྱེར་ནང་མི་མང་པོ་བསྙེན་གནས་ཀྱི་སྡོམ་པ་ཕོག་བཞིན་མི་མང་པོས་བསྲུང་བའི་སྐབས་ཤིག་ལ། གཡོག་མོས་ཤ་ཉོ་བར་སོང་བ་ལ་ཤ་མ་རྙེད། རྒྱལ་པོ་ནི་ཤ་ལ་ཧ་ཅང་སྲེད་པ་ཡིན་པས་གལ་ཏེ་ཤ་མེད་ན་མི་རིགས་སྙམ་ནས་གང་སར་འཚོལ་བས་མཐར་བྱིས་པ་ཤི་མ་ཐག་པའི་རོ་གཅིག་དུར་ཁྲོད་དུ་བརྙེད་པས་དེའི་ཤ་རྒྱལ་པོ་ལ་གསང་བའི་ངང་ཕུལ་བས། སྔོན་གྱི་དྲང་སྲོང་གིས་དམོད་མོ་བྱས་པའི་རྐྱེན་གྱིས་རྒྱལ་པོ་ལ་ཤ་དེ་ཧ་ཅང་ཞིམ་པོ་བྱུང་བས་གཡོག་མོ་འབོད་དེ་ཤ་དེ་སེམས་ཅན་གང་གི་ཤ་ཡིན་དྲིས་པར། གཡོག་མོ་ལབ་མ་ནུས་པར་བསྡད་པས་རྒྱལ་པོས་གལ་ཏེ་དྲང་པོར་བཤད་ན་ཆད་པ་མེད་ཅེས་གསུངས་པས་གཡོག་མོས་དྲང་པོར་ཞུས། རྒྱལ་པོ་ན་རེ། བྱས་ན་ད་ཕྱིན་ང་ལ་ཤ་འདི་ལྟ་བུ་ཟས་སུ་དགོས། གལ་ཏེ་མ་རྙེད་ན་རྐུས་ནས་ཁྱེར་ཤོག་གསུངས། རྒྱལ་པོས་གསུངས་པ་བཞིན་གཡོག་མོས་བྱས་པས་གྲོང་ཁྱེར་ནང་བྱིས་པ་མང་པོ་བརླག བྱིས་པ་བརླག་པའི་མི་དེ་ཚོས་ཉིན་གཅིག་གཡོག་མོ་དེ་ཟིན་ནས་རྒྱལ་པོའི་སར་ཁྲིད་ནས་བཀའ་ཆད་གནང་རོགས་ཞུས་པར། རྒྱལ་པོས་འདི་འདྲ་བྱོས་ཤིག་ལབ་མཁན་ང་ཡིན་པས་མོ་ལ་ཉེས་པ་མེད་གསུངས་པས། བློན་པོ་དང་ཡུལ་མི་རྣམས་ཧང་སངས་ནས་ཨ་ཙི་རྒྱལ་པོ་ངན་པ་འདི་ལྟ་བུ་གསད་དོ་ཞེས་གྲོས་བྱས་ནས་གསོད་རྩིས་བྱེད་སྐབས། རྒྱལ་པོ་ཕོ་བྲང་གི་ཐོག་ཀར་བྲོས་ཕྱིན་ནས་ངས་བསགས་པའི་བསོད་ནམས་གང་ཡོད་ཀྱི་མཐུས་ང་མི་ཤ་ཟ་བའི་སྲིན་པོ་འཕུར་ཤེས་པ་ཞིག་ཏུ་གྱུར་ཅིག་ཅེས་དམོད་པ་དང་འཕུར་ཤེས་པར་གྱུར་ནས་ནམ་མཁའ་ལ་འཕུར་ཏེ་སོང་ངོ༌། །དེ་ནས་རྒྱལ་པོ་དེས་བྲག་རྫོང་མཐོན་པོ་ཞིག་ཏུ་གནས་བཅས་ནས་བསྡད་ཅིང་མི་མང་པོ་བསད་ནས་བཟོས་པས་རྒྱལ་བུ་རྐང་ཁྲ་ཞེས་མིང་ཏུ་གྲགས་སོ། །
རྒྱལ་བུ་རྐང་ཁྲ་དེས་རྒྱལ་བུ་སྟོང་གཅིག་ཟ་བར་འདོད་དེ་རྒྱལ་བུ་དགུ་བརྒྱ་གོ་དགུ་བཟུང་ནས་སྟོང་དུ་ཟིན་པ་ལ་གཅིག་མ་ཚང་བར་བཙལ་ཞིང་ཡོད་པའི་ཚེ། རྒྱལ་བུ་ཟླ་བ་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རྒྱལ་བུ་རྐང་ཁྲ་ཡོད་པའི་གནས་དེ་དང་ཉེ་བར་བྱོན་པ་ལ། ཡུལ་གཞན་ཞིག་ནས་བྲམ་ཟེ་ཞིག་གི་རྒྱུ་ནོར་གྱི་བཀའ་དྲིན་ནམ་ལན་དོན་དུ་གཉེར་བ་ཞིག་ཕྱིར་ཡོང་སྟེ་བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་པ་བཞིས་མཉེས་པར་བྱེད་པ་ན་མི་མང་པོ་འདུས་པ་དག་ཕར་བྲོས་ཚུར་བྲོས་བྱས་ནས་གཟིར་བ་གཟིགས་པས། འདི་ཅི་དགོངས་ནས་བརྟགས་པས་རྒྱལ་བུ་རྐང་ཁྲ་སྟོད་གཡོགས་དྲི་མ་བྲོ་བ་ཞིག་གྱོན་ནས་རལ་གྲི་དང་ཕུབ་སོགས་ཁྱེར་ནས་མི་དམངས་རྣམས་དཀྲུགས་པ་གཟིགས་ཏེ། ཀྭ་ཡེ་འདི་འདྲ་མ་བྱས་ཤིག ཁྱོད་ལ་དགོས་པ་རྒྱལ་བུ་ཟླ་བ་ཟེར་བ་ང་ཡིན་གསུངས་པས། རྒྱལ་བུ་རྐང་ཁྲས་དེ་མ་ཉིད་དུ་བྱང་ཆུབ་སེམས་དཔའ་རང་གི་ཕྲག་པ་ལ་བཀལ་ནས་རང་གནས་ག་ལ་བ་དེར་སོང་ངོ༌། །དེ་ནས་རྒྱལ་བུ་རྐང་ཁྲས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཟླ་བའི་གཟི་བརྗིད་ཀྱི་ཁྱད་པར་ལ་ངོ་མཚར་སྐྱེས་ཞིང་ཧ་ལས་ཏེ་རང་གི་མདུན་དུ་བཞག་ནས་ཡག་པོ་བྱས་ནས་བལྟ་བཞིན་བསྡད་པ་ན། རྒྱལ་སྲས་ཟླ་བའི་ཐུགས་ལ་ད་གིན་གྱི་བྲམ་ཟེ་སྐྱོ་པོ་དེའི་བསམ་པ་བདག་གིས་ཚིམ་པར་བྱ་མ་ནུས་སོ་སྙམ་ནས་སྤྱན་ཆབ་གསིལ་བས། རྒྱལ་བུ་རྐང་ཁྲས་བྱང་ཆུབ་སེམས་དཔའ་སྤྱན་ཆབ་གསིལ་བ་མཐོང་ནས་བགད་མོ་ཆེན་པོ་ཤོར་ནས་ངས་ལག་ཏུ་སོང་བས་ཁྱོད་ངུ་བ་བདེན་ནོ་ལབ་པ་དང༌། བྱང་ཆུབ་སེམས་དཔའ་དེས་འདི་སྐད་ཅེས། འཁོར་བ་ཐོག་མ་མེད་པ་ནས་ལུས་གྲངས་མེད་པ་སྟོར་མྱོང་བས། ཁྱོད་ཀྱི་ལག་ཏུ་སོང་བ་ལ་ཅི་ཞིག་འཇིགས་ཏེ། འོན་ཀྱང་ཁོ་བོ་འདི་ལྟར་སེམས་ནས་ངུ་བ་ཡིན་ཞེས་ཐུགས་ཀྱི་དགོངས་པ་དེ་གསུངས་ནས། དེ་བས་ཁོ་བོ་ཡུད་ཙམ་ཞིག་ཐོངས་དང༌། ཁོ་བོ་ཐོག་མར་བྲམ་ཟེ་ཚིམ་པར་བྱས། དེ་ནས་ཁྱོད་མགུ་བར་བྱའོ་གསུངས། རྐང་ཁྲ་ན་རེ། བདེན་པ་འདུག་ཀྱང་གཤིན་རྗེའི་ཁར་ཚུད་པ་ལ་ཐར་སྲིད་དམ་ཟེར་བ་ལ། བྱང་ཆུབ་སེམས་དཔས་ཁྱོད་ལྟ་བུའི་རང་བཞིན་ངན་པ་ལ་དེ་ལྟར་མི་སྲིད་ཀྱང་ང་ནི་རྒྱལ་བུ་ཟླ་བ་ཡིན་པས་བདེན་པར་སྨྲ་བ་གཙོ་བོར་བྱེད་དོ་ཞེས་གསུངས་པས་རྐང་ཁྲ་མ་བཟོད་པར་སེམས་སུ་འདིའི་ཟེར་ལུགས་ལ་དཔག་ན་ཚུར་ཡོང་བ་ཡང་སྲིད་པ་འདུག ཅི་སྟེ་མ་ཡོང་ནའང་རྒྱལ་པོའི་བུ་སྟོང་དུ་ཉེ་བ་བཟུང་ཡོད་པས་དེ་ཙམ་གྱིས་སྐྱོན་ཅི་ཡོད་སྙམ་ནས་བྱང་ཆུབ་སེམས་དཔའ་བྲམ་ཟེ་དེ་ཚིམ་པར་བྱེད་པར་བཏང་ངོ༌། །
དེ་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དེ་རྒྱལ་པོའི་ཁབ་ཏུ་བྱོན་ནས་ད་གིན་གྱི་བྲམ་ཟེ་དེ་ལ་ལེགས་བཤད་དེ་ལ་རིན་ཐང་ཡོད་ན་ཚིགས་སུ་བཅད་པ་རེར་རྒྱལ་སྲིད་ཕུལ་ཡང་ཆུང་བར་འགྱུར་རོ་ཞེས་གསུངས་ནས་ཚིགས་སུ་བཅད་པ་རེ་ལ་གསེར་སྲང་སྟོང་ཕྲག་རེ་བྱིན་ནོ། །དེ་ནས་སླར་རྒྱལ་བུ་རྐང་ཁྲ་གང་ན་ཡོད་པའི་ས་དེར་ཆས་པར་བརྩམ་པ་ན་ཡབ་རྒྱལ་པོ་དང་བློན་པོ་སོགས་ཀྱིས་བཀག་པས། བྱང་ཆུབ་སེམས་དཔའ་དེས། ཁྱོད་རྣམས་ཀྱིས་ཐབས་བཙལ་བ་ཡང་མི་རིགས། ཁོ་བདག་ལ་བཀའ་དྲིན་ཆེ་བ་ཡང་མ་ཡིན། བདག་ཉམས་ཉེས་སུ་དོགས་པ་ཡང་མི་འཚལ་ལོ་ཞེས་གསུངས་ནས་རྒྱལ་སྲས་ཁོ་རང་གཅིག་པུར་དུར་ཁྲོད་ཀྱི་ལམ་དུ་ཞུགས་ནས་རྐང་ཁྲ་གང་ན་བ་དེར་བྱོན་ནོ། །རྒྱལ་སྲས་ཟླ་བ་སླར་ལོག་ཡོང་བ་རྒྱལ་བུ་རྐང་ཁྲས་མཐོང་བ་དང་ངོ་མཚར་བསྐྱེད་བཞིན་མེའི་སྟ་གོན་བྱེད་དེ་བསྡད། རྒྱལ་སྲས་ཟླ་བ་བྱོན་པ་དང་རྒྱལ་བུ་རྐང་ཁྲས་ཁྱོད་ཀྱི་བཀས་མཆོད་པ་དེ་ལ་ཡོན་ཏན་ཁྱད་ཆོས་ཅི་ཞིག་ཡོད། དེའི་བརྗོད་བྱའི་དོན་དེ་བདག་ལ་སྟོན་ཅིག་ལབ་པར། རྒྱལ་སྲས་ཀྱིས་ཁྱོད་ལྟ་བུའི་རང་བཞིན་ངན་པ་ལ་ལེགས་བཤད་ཀྱི་དགོས་པ་ཅི་ཞིག་ཡོད་དེ་མེད། ཁྱོད་ཀྱི་འདོད་པ་དེ་ཁོ་བོ་ཟ་བར་བྱ་བ་དེ་ཡིན་པས་ད་ཟོ་ཤིག་གསུངས། རྐང་ཁྲ་ན་རེ། ཨ་ཙི། ང་ལ་ཁྱོད་རང་ཟ་བའི་དུས་ཚོད་མང་པོ་ཡོད། མ་ཚད་ཤ་དུད་པ་མེད་པ་ལ་བསྲེགས་ན་ཞིམ་པ་ཡོད་པས། བསྲེགས་པའི་གནས་དེར་ད་དུང་དུད་པ་འཐུལ་གྱི་འདུག ལེགས་བཤད་དེ་དག་རེ་ཞིག་ང་ཉན་ནོ་ཞེས་ལན་གཉིས་གསུམ་གྱི་བར་བྱང་ཆུབ་སེམས་དཔས་ཁས་མ་བླངས་ཀྱང་ནན་གྱིས་ཞུས་སོ། །དེ་ནས་རྒྱལ་སྲས་ཀྱིས་དེ་ལྟར་ན། ཆོས་ཉན་པའི་སྤྱོད་ལམ་དང་ལྡན་པར་བྱས་ནས་ཉན་དགོས་གསུངས། སྤྱོད་ལམ་ཇི་ལྟ་བུ་ལགས་ཞེས་ཞུས་པར། སྤྱོད་ལམ་ནི། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་སྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རིམ་གྲོ་བསྐྱེད་དེ་རྩེ་གཅིག་བཏུད། །རབ་ཏུ་དད་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཞིག །ཅེས་གསུངས་སོ། །དེ་ནས་རྒྱལ་བུ་རྐང་ཁྲས་རང་གི་སྟོད་གཡོག་དྲི་མ་བྲོ་མཁན་དེ་མར་ཕུད་དེ་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་བཏིང་སྟེ་དེ་ལ་རྒྱས་སྲས་ཟླ་བ་ཞུགས་སུ་ཆུགས། རང་ཉིད་དེའི་མདུན་དུ་འདུག་ནས་རྒྱལ་སྲས་ཀྱི་བཞིན་ལ་བལྟ་བཞིན་འཕགས་པ་ད་གསུང་བར་ཞུ་ཞུས་པས། བྱང་ཆུབ་སེམས་དཔའ་རྒྱལ་བུ་ཟླ་བས་ཟབ་ཅིང་སྙན་པའི་ཚིག་གིས་འདི་སྐད་ཅེས། དམ་པ་དག་དང་ལྷན་ཅིག་ཙམ། །ཇི་ལྟར་འདོད་པས་ཕྲད་ཀྱང་རུང༌། །འདྲིས་པར་བྱ་བ་མི་དགོས་པ། །རབ་ཏུ་བརྟན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་དང་རྐང་ཁྲ་རབ་ཏུ་མགུ་སྟེ་ཐུབ་པ་ཆེན་པོ་ཡང་གསུངས་དང༌། ད་དུང་གསུངས་དང་ཞེས་བསྐུལ་བའི་མཐར། བྱང་ཆུབ་སེམས་དཔས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །རྒྱ་མཚོའི་ཕ་རོལ་ཚུར་རོལ་འགྲོ་ཡང་རིང༌། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །ཞེས་པའི་བར་ཚིགས་བཅད་ཤོ་ལོ་ཀ་དྲུག་ཙམ་གསུངས་སོ། །རྒྱལ་བུ་རྐང་ཁྲ་ཤིན་ཏུ་དད་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ལ། ཐུབ་པ་ཁྱེད་ཀྱི་ལེགས་བཤད་དེ་ལ་དམ་པདམ་བཅའ་བཞི་འབུལ་བས་བཞེས་པར་མཛད་དུ་གསོལ་ཞུས་པར། བྱང་ཆུབ་སེམས་དཔས་ཁྱོད་ལྟ་བུ་ཁྲེལ་མེད་པ་ལ་མཆོག་སློང་བ་སུ་ཞིག་ཡོད་གསུངས། རྐང་ཁྲས་མགོ་བོ་དུད་ནས་ཁྱོད་དོགས་པ་མེད་པར་བཞེས་ཤིག་ཞུས་སོ། །བྱང་ཆུབ་སེམས་དཔས་དེ་ལྟར་ན། བདེན་པའི་བརྟུལ་ཞུགས་ལོང་ལ་སེམས་ཅན་བསོད་པ་སྤོངས། །སྐྱེ་བོ་བཙོན་དུ་བཟུང་བ་དེ་རྣམས་མ་ལུས་ཐོངས། །དཔའ་བོ་ཁྱོད་ཀྱི་མི་ཤ་ཟ་བ་སྤོངས། །དམ་པའི་ནང་ནས་མཆོག་གྱུར་འདི་བཞི་སྤོངས། །ཞེས་གསུངས་པ་ན། རྐང་ཁྲས་གསོལ་བ། དམ་པ་སྔ་མ་གསུམ་ནི་ཁྱེད་ལ་འབུལ། །དམ་པ་བཞི་པ་གཞན་ཞིག་བསྩལ་དུ་གསོལ། །བདག་ནི་མི་ཤ་མིན་པ་མི་ཟ་བར། །སྔར་ནས་ཁྱེད་ཀྱིས་མཁྱེན་པར་མ་གྱུར་ཏམ། །ཞེས་ཞུས་པས། བྱང་ཆུབ་སེམས་དཔས། གང་གིས་ཁྱེད་ནི་ཆོས་དང་སྲིད། །བདེ་དང་གྲགས་པ་ཉམས་པར་འགྱུར། །ཕུང་བར་འགྱུར་བའི་འབྱུང་གནས་ཏེ། །ཅིའི་ཕྱིར་གཏོང་བར་མི་རིགས་ཀྱེ། །ཞེས་སོགས་ཀྱི་རྒྱུ་མཚན་དུ་མ་གསུངས་ནས་བཟློག་པར་མཛད་པས་མཐར། རྒྱལ་བུ་བཙོན་དུ་བཟུང་རྣམས་གློད་ནས་རང་རང་གི་རྒྱལ་སྲིད་བཀོད་ཅིང༌། རྒྱལ་བུ་རྐང་ཁྲ་རང་གི་ཕ་ཡི་གནས་སུ་སོང་ནས་གནས་སྐབས་རིང་ཚེ་འདིའི་རྒྱལ་སྲིད་ཀྱི་བདེ་བ་ལྡན་ལ། དགེ་བསྙེན་གྱི་སྡོམ་པས་རྒྱུད་བརླན་པས་ཚེ་ཕྱི་མ་མཐར་ཐུག་གཏན་གྱི་བདེ་བ་དང་ལྡན་པར་བྱས་སོ།།

Subscribe to:
Posts (Atom)