Showing posts with label ངོ་སྤྲོད།. Show all posts
Showing posts with label ངོ་སྤྲོད།. Show all posts

2011-03-31

ཐོན་མི་སམ་བྷོཊ།

ང་ཚོ་བོད་གངས་ཅན་ཀྱི་ལྗོངས་སུ་དབྱངས་གསལ་གྱི་ཡི་གེའི་སྲོལ་ཐོག་མར་གཏོད་པ་པོ་སློབ་དཔོན་ཐུ་མི་སམ་བྷོཊ་ནི།

སྤྱི་ལོའི་དུས་རབས་བདུན་པའི་༼༦༡༧༽ནང་ཐོན་ལུག་ར་ཁ་བར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏ་བྱ་བའི་སྲས་སུ་འཁྲུངས། ཆོས་འབྱུང་ཁ་ཤས་སུ་ཡུལ་དང་ཡབ་ཀྱི་མཚན་མི་འདྲ་བ་ཡང་བྱུང༌། ཐོན་མི་སམ་བྷོཊ་ཞེས་པའི་དོན་ནི་ཐོན་མི་རིགས་རུས་ཀྱི་མིང་དང་སམ་བྷོཊ་བོད་ཡང་དག་པའམ་ཀུན་ཏུ་བཟང་པོ་ཞེས་པའི་དོན་ཡིན། སྤྱི་ལོ་༦༢༩ས་མོ་གླང་གི་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་བཅུ་གསུམ་དུ་ཕེབས་པའི་ཚེ། རྒྱལ་སྲིད་སྐྱོང་བའི་སྲིད་ཀྱི་འཁོར་ལོ་འཛིན་པའི་དགའ་སྟོན་གྱི་མཛད་སྒོར་མཐའ་བཞིའི་རྒྱལ་པོའི་དཔྱ་དང་སྐྱེས་འབུལ་བ་ལ། སྐྱེས་སུ་འདི་ལྟར་བྱུང་ཞེས་ཡིག་ལན་གཏོང་བ་ལ་བོད་རང་ལ་ཡི་གེ་མེད་པས་ལན་རྣམས་རྒྱལ་ཁམས་དེ་དག་གི་ཡི་གེ་རང་དུ་བྲིས་དགོས་པ་བྱུང་བར་བརྟེན། ཆོས་རྒྱལ་གྱིས་བོད་ཀྱི་རྒྱལ་ཁམས་ཆོས་བཞིན་སྐྱོང་བར་ཡི་གེ་ངེས་པར་དུ་དགོས་པར་གཟིགས་ནས་བློན་པོ་བློ་གསལ་བ་དུ་མ་བཏང་ཀྱང་ཡི་གེ་སློབ་མི་ཐུབ། དེ་ནས་ཆོས་རྒྱལ་གྱིས་བློན་པོ་ཐོན་མི་ཨ་ནུའི་བུ་སམ་བྷོཊ་བྱ་བ་མཁས་མཛངས་བློ་གྲོས་དང་ལྡན་པ་ཐོན་མི་སམ་བྷོཊར་བཀའ་མངགས་མཛད་པ་བཞིན་དེས་བཀའ་སྤྱི་བོར་བླངས་བཞིན་ཡི་གེ་སློབ་པའི་རྟེན་དུ་གསེར་ཕྱེ་བྲེ་གང་བསྣམས་ནས་༼༦༣༣༽རྒྱ་གར་དུ་བྱོན། དེའི་ཚེ་ཐོན་མི་དགུང་ལོ་བཅོ་ལྡ་ཡིན་པ་དང་གཡོག་འཁོར་བཅུ་ཡོད་པ་བོད་མཁས་པས་གསུངས། ཐོན་མི་བལ་ཡུལ་རྒྱུད་རྒྱ་གར་དུ་ཕེབས་ཟིན་པ་དང་དེའི་ཚེ་སྒྲ་དང་ཡི་གེར་མཁས་པ་བྲམ་ཟེ་ལི་བྱིན་ཡིན་པ་གསན་པས། གསེར་རྣམས་ཕུལ་ནས་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཅིང་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། དེ་ནས་བྲམ་ཟེས་བཀའ་བཞིན་པཎ་ཊི་ཏ་ལྷ་རིག་པའི་སེངྒེ་བསྟེན་ནས་སྒྲ་དང་ཚད་མ། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་བཅས་པ་སྦྱངས། ༼ཆོས་འབྱུང་འགའ་ཞིག་ཏུ་ལི་བྱིན་དང་ལྷ་རིག་པའི་སེང་གེ་གཅིག་ཏུ་གསུངས།༽ དེ་ལྟར་ཐོན་མི་རྒྱ་གར་དུ་ལོ་བདུན་གྱི་བར་བཞུགས་ནས་ཕྱིར་བོད་དུ་ལོག་པའི་ཚེ། སྒྲ་རིག་པའི་བསྟན་བཅོས་དག་དང༌། འདུས་པ་རིན་པོ་ཆེའི་ཏོག ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག དགེ་བ་བཅུའི་མདོ་ལ་སོགས་པ་གདན་དྲངས་པ་དང༌། རྒྱ་གར་རྒྱལ་པོའི་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོར་སྐྱེས་ལེན་བསྐུར་བའི་མདོ་སྡེ་དཀོན་མཆོག་སྤྲིན། དམ་ཆོས་པད་དཀར། གཙུག་ཏོར་དྲི་མེད་ཀྱིགཟུངས། ནོར་བུ་ཀཻ་ཏུ་སྟེ་འོད་ཟེར་ཅན་ཞིག་བསྐུར་རྣམས་བསྣམས་ནས་བྱོན། དེ་ནས་ཆོས་རྒྱལ་གྱིས་དགའ་སྟོན་མཛད་ཅིང་ཆོས་རྒྱལ་རང་ཉིད་ཀྱིས་ཀྱང་ལོ་གསུམ་གྱི་བར་མཚམས་བཅད་ཀྱིས་སྐུ་མཁར་ཕ་བོང་ཁའི་མ་རུར་བཞུགས་ཀྱི་ཡི་གེ་སྦྱངས་ཤིང༌། བློན་འབངས་དག་ལ་ཡང་སྦྱོང་དུ་གཅུགས་པས་བོད་གངས་ཅན་གྱི་ལྗོངས་སུ་ཡི་གེ་གསར་རྙེད་དང་དར་ཁྱབ་བྱུང༌། ཐོན་མི་དེ་བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་བགྲངས་པ་ཡིན་མོད་ཀྱང༌། དེ་དག་གཞན་ལས་ལྷག་པ་བོད་ལོང་བའི་གླིང་དུ་ཡི་གེའི་མིག་བྱིན་པར་བྱེད་པོ་ཡིན་པས་གཞན་ལས་བཀའ་དྲིན་ལྷག་པ་ཡིན། ཐོན་མི་བོད་ཡིག་དང་པོ་གཏན་ཕེབས་གནང་སྐབས་རྒྱ་གར་གྱི་ཡི་གེ་ནང་བོད་སྐད་ལ་ཉེ་བར་མི་མཁོ་བ་མང་དུ་ཡོད་པ་རྣམས་བོར་བ་དང༌། བོད་ཀྱི་རང་སྐད་ལ་མཁོ་བ་རྒྱ་གར་ཡི་གེའི་ནང་མེད་པ་འགའ་ཤས་ཡོད་པ་བརྣན་ནས་བོད་ཡིག་གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞིར་གཏན་ལ་ཕབ། དེ་ཡང་རྒྱ་གར་ཡི་གེ་ལྔ་བཅུ་ལས་དབྱངས་ཡིག་ཨཱ་ཨིའ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿརྣམས་དང༌། གསལ་བྱེད་འཐུག་པོ་ལྔ་དང་ལོག་པ་ལྔ་མཐའི་ཀྵ་ཡིག་བཅས་ཉེར་གཉིས་དོར་བས་ཉེར་བརྒྱད་ལྷག་པའི་སྟེང་ཅ་ཆ་ཇ་དང་ཞ་ཟ་འ་སྟེ་དྲུག་བསྣན་པས་བོད་ཡིག་ལ་དབྱངས་དང་གསལ་བྱེད་སོ་བཞི་བྱུང་བ་ཡིན། ༼དགེ་ཆོས་ཀྱི་གསེར་ཐང་དུ་ཙ་ཚ་ཛ་ཞ་ཟ་འ་གསར་དུ་བསྣོན་པ་དང༌། དེ་ཡང་གསར་དུ་བཟོ་སྐབས་ཅ་སོགས་དང་མ་ནོར་བའི་ཆེད་ཙ་བཏགས་སོགས་བྱུང་བ་དང༌། དེ་ཡང་ལེགས་སྦྱར་ལ་ཙ་སོགས་ཡོད་པར་སོང་མ་དཔེའི་ཡི་གེ་ཡང་ལེགས་སྦྱར་གྱི་ཡི་གེ་མིན་པར་གྷུཔ་ཏའི་ཡི་གེ་ཡིན་གསུངས་འདུག འོན་ཀྱང་ཚེ་བརྟན་ཞབས་དྲུང་གིས་ལེགས་སྦྱར་གྱི་ཡི་གེ་ལའང་ཙ་རྟགས་སོགས་ཡོད་པས། སློབ་དཔོན་གྱི་ཙ་རྟགས་སོགས་ཕྱིས་ནས་ཅ་ཆ་སོགས་བཟོས་པར་བཤད་ན་ལེགས་པར་གསུངས།༽ ཡི་གེ་དེ་དག་ལ་བུ་དང་མའི་ཡི་གེ་དང༌། ཤིན་ཏུ་གཅེས་པའི་ཡི་གེ་དང༌། རྐང་པ་ཅན་གྱི་ཡི་གེ། སྲོག་དང་རྐྱེན་གྱི་ཡི་གེ་སོགས་ཡོད། ཐོན་མིའི་བརྩམས་ཆོས་ལ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ཡོད་པ་དང་གྲངས་མཚུངས་པར་སྒྲ་རིག་པའི་བསྟན་བཅོས་བརྒྱད་ཡོད་པ་ལས། སུམ་ཅུ་པ་དང་རྟགས་འཇུག་གཉིས་མ་གཏོགས་གཞན་རྣམས་ནུབ་ནས་ད་ཆ་མེད་པ་ཡིན། དེ་ཡང་སློབ་དཔོན་གྱིས་བོད་ཀྱི་ཡིག་གཟུགས་ཐོག་མར་བཟོ་བའི་དུས། ལནྙཛ་ལྷའི་ཡི་གེ་ལས་དཔེ་བྱས་ནས་དབུ་ཅན། ཝ་རྟུ་ཀླུ་ཡི་ཡི་གེ་ལས་དཔེ་བྱས་ནས་དབུ་མེད། ནཱ་ག་ར་མིའི་ཡི་གེ་ལས་དཔེ་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས་ཞེས་མཁས་པ་རྣམས་ལ་གྲགས། ཐོན་མིའི་གདུང་རྒྱུད་ཕྱི་མ་ཇི་ལྟར་ཡིན་པ་ནི། ཐོན་མིའི་སྲས་མཧཱ་ས་ཏྭ་ནས། གོང་མ་གྲགས་པ་འབྱུང་གནས་བར་མི་རབས་བཅུ་གསུམ་བྱུང་ཞིང༌། དེས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་གྱི་རྫོང་དཔོན་གོ་གནས་གཉིས་ཀ་བཟུང༌། སྐུ་ཚེ་སྨད་ལ་རབ་ཏུ་བྱུང་སྟེ་གོང་དཀར་རྡོ་རྗེ་གདན་ཞེས་པའི་ཆོས་སྡེ་བཏབ། འདི་ནས་བཟུང་དབོན་སྲས་རྣམས་ལ་སྡེ་པ་ཡར་རྒྱབ་པ་ཞེས་གྲགས་ཞིང༌། ྋགོང་ས་ལྔ་པ་ཆེན་པོའི་དུས་ཡར་རྒྱབ་སྡེ་པ་རྣམ་རྒྱལ་སྐུ་མཆེད་ཅེས་གྲགས་སོ།།

2010-06-07

སྲས་མོ་ཌ་ཡ་ན། (Princess Diana)


དཔར་ལས་མཁས་ཅན་མང་པོས་སྲས་མོ་ཌ་ཡ་ན་ནི་འདྲ་དཔར་གཟུགས་བྱད་༼འདྲ་དཔར་སོགས་ཀྱི་ནང་མཐོང་གནང་དོད་པོ་ཡོད་མཁན་༽ཅན་ཞིག་ཡིན་པར་བརྗོད་ཅིང་། མི་མང་གི་དུས་དེབ་ཀྱི་ཁ་ཤོག་སྟེང་དུ་ཡང་གཞན་ལས་མང་བ་བཀོད་ཀྱི་ཡོད། འོན་ཀྱང་སྲས་མོ་ཁོང་ནི་བུད་མེད་མཛེས་མའི་སྙིང་པོ་བསྡུས་པ་ཙམ་དུ་མ་ཟད་དཔེ་ཟླ་བྲལ་བ་ཞིག་ཡིན་པ་དང་། ཁོང་མོ་ནི་མི་མང་ལ་ཞེ་དྲག་རྒྱང་རིང་པོ་བྱེད་མཁན་མིན་པས་མི་མང་གི་ཁྲོད་ཡོངས་གྲགས་ཆགས་ཡོད།
སྲས་མོ་ཌ་ཡ་ན་ནི་༡༩༨༧ལོར་རེག་དུག་(AID)ནད་པ་ཚོ་དང་ལྷན་དུ་དཔར་རྒྱག་མཁན་གྱི་སྙན་གྲགས་ཅན་གྱི་མི་ཆེན་དང་པོའི་ནང་ནས་གཅིག་ཡིན་པ་དང་། མི་མང་གིས་རེག་དུག་ནད་གཞི་དེ་མི་ཕན་ཚུན་རེག་ཐུག་བྱས་པ་ལས་བགོས་ཀྱི་ཡོད་པར་ཡིད་ཆེས་བྱེད་པའི་དུས་སུ་མོས་ལས་འགུལ་གྱིས་མི་མང་གི་བསམ་བློ་བཅོས་བསྒྱུར་བྱེད་པར་ཕན་ཐོགས་ཆེན་པོ་བྱས་ཡོད།
ས་འོག་གི་འབར་འདེལ་བེད་སྤྱད་བྱེད་པར་འཛམ་གླིང་སྤྱིའི་བཀག་སྡོམ་ཡོང་རྒྱུའི་རེ་བ་བྱས་པ་དང་གཞན་བུད་མེད་ཚོར་དུད་འགྲོའི་དགེ་རྩའི་ལས་འཆར་དེ་འདྲ་བྱུང་རྒྱུའི་རེ་བ་བྱས་པའི་མི་མང་ཁྲོད་ཀྱི་མོའི་ལོ་རྒྱུས་སྙིང་བསྡུས་དེ་ཚོས་གནོད་འཚེ་ཕོག་ཡུལ་དང་ལས་འགུལ་སྤེལ་མཁན་ཚང་མར་རེ་བ་ཆེན་པོ་སྦྱིན་ཐུབ་ཡོད། མོ་རང་གློ་བུར་གྱི་དོན་རྐྱེན་གྱིས་འདས་པའི་རྗེས་སུ་རང་ལྒེར་གྱི་མིན་པའི་ས་ཆར་ས་འོག་འབར་འདེལ་བེད་སྤྱོད་བྱེད་མི་ཆོག་པའི་ཆིངས་ཡིག་༼ཨོ་ཏ་ཝ་ཆིངས་ཡིག་Ottwa treaty༽ལ་གྲོས་ཆོད་ཀྱི་མཚན་རྟགས་ཐོབ་ཡོད་ཅིང། ཐག་ཆོད་འདིའི་ཐད་ལ་མོའི་རྒྱབ་སྐྱོར་དང་ལས་འགུལ་ཚོགས་པ་དེའི་ནང་གི་མོའི་བྱས་རྗེས་ཀྱི་ཤུགས་རྐྱེན་གཙང་མ་ཐེབས་ཡོད།
ཁོང་མོ་ནི་༡༩༦༡།༧།༡ ཉིན་སྐུ་དྲག་གི་བརྒྱུད་པའི་ནང་འཁྲུངས་པ་དང་རང་ལོ་༢༠ ལ་དབྱིན་ཇིའི་རྒྱལ་སྲས་ཅར་ལེ་charle དང་གཉེན་སྒྲིག་བྱས་ནས་གཞོན་ནུ་མ་ཌ་ཡ་ན་ལ་ཉེས་མེད་ཀྱི་མཛེས་སྡུག་དང་ལྷན་དུ་འཚོ་གནས་ཀྱི་འཛམ་གླིང་ཐོབ། ལོ་བཅོ་ལྔའི་རྗེས་སུ་མི་མང་ཡོངས་གྲགས་སུ་གཟའ་ཚང་ཁ་བྲལ་བྱས་པའི་རྗེས་ཌ་ཡ་ནས་མོའི་རྒྱལ་ཁང་གི་འཚོ་བའི་ལྷག་འཕྲོ་དེ་རང་གི་ཁ་གྱོན་གྱི་དུག་ལོག་དེ་རིན་གོང་སུས་ཇེ་ཆེ་སྤྲད་པ་དེར་༼དགེ་རྩ་ཚོགས་པའི་ཆེད་དུ་༽བཙོང་ནས་མཇུག་སྒྲིལ་བྱས་ཡོད།
དེ་ནས་ཝ་ལེ་སེ་(wales)སྲས་མོ་ཙམ་གྱི་ཚུལ་དུ་ཌ་ཡ་ནས་ལས་ཁུངས་ཀྱི་བྱེད་སྒོའི་ཆ་ཤས་བཟུང་ནས་སྨན་ཁང་སྒོ་ཕྱེ་བ་ལྟ་བུ་བྱས་ཡོད། འདིས་ནི་མོ་རང་ལ་དགེ་རྩའི་མ་དངུལ་བསྡུ་ཚུལ་གྱི་ཐབས་ལམ་སྣ་ཚོགས་ལ་ཐེ་གཏོགས་བྱེད་པར་ཕྱིར་འཐོན་སའི་རང་བཞིན་གྱི་སྒོ་ལྟ་བུའི་མཐུན་རྐྱེན་བྱས་ཡོད། ནད་པ་ལ་བཅངས་པའི་མོའི་རང་བཞིན་གྱི་སེམས་ཚོར་དང་གཤིས་ཀ་ནི་ཆེས་ཡིད་སྨོན་ཤོར་བ་ཞིག་ཡོད།
དེ་ལྟ་ནའང་། མོའི་ལྒེར་གྱི་མི་ཚེའི་ནང་གང་སར་འདལ་བའི་གསར་འགོད་པས་ཧམ་འཛུལ་བྱས་ཤིང་། མི་ཚང་མས་ཁོང་མོ་ངོ་རྟགས་ཆོད་པར་སོང་མུ་འཐུད་མོ་རང་མི་མང་གི་ཁྲོད་ཡོངས་གྲགས་སུ་གནས། མོའི་མི་ཚེ་གསར་པ་མགོ་འཛུགས་ནས་ལོ་ངོ་གཅིག་ཙམ་སོང་བའི་རྗེས་༼༡༩༩༧།༨།༣༡ ཉིན་ཁོང་མོ་རང་གི་དགའ་རོགས་དང་ལྷན་དུ་མོ་ཊ་བརྡབ་སྐྱོན་དབང་གིས་༽རྐྱེན་འདས་སུ་ཕྱིན་ཡོད།

ཡིན་ནའང་ཁོང་མོ་ནི་མུ་འཐུད་དྲན་པར་འོས་པའི་གཞོན་ནུ་མ་དང་མཛེས་སྡུག་ཅན་གྱི་སྲས་མོའམ། སྙིང་དབུས་ཀྱི་རྒྱལ་མོ་ལྟ་བུ་ཡིན་ནོ།།

2010-05-15

མཐོ་ལྡིང་དགོན་པར་ཕྱིན་པ།


དེ་རིང་རེས་གཟའ་ཟླ་བའི་གུང་གསེང་གི་སྐབས་འཚོལ་ནས་མོན་གྷོ་གཞིས་ཆགས་ཀྱི་གཞིས་གྲོང་ལྔ་པར་ཡོད་པའི་མཐོ་ལྡིང་དགོན་པ་ཆེད་མངགས་མཇལ་དུ་ཕྱིན་པ་ཡིན། ད་བར་མོན་གྷོ་ས་གནས་དེའི་ཆུ་འཐུང་ནས་ལོ་ངོ་ ༢༤ འགྲོ་ཡི་ཡོད་ནའང་གཞིས་གྲོང་ལྔ་པའི་མཐོ་ལྡིང་དགོན་པར་འགྲོ་མ་མྱོང་བས་ད་ལེན་ཆེད་མངགས་འགྲོ་དོན་དེ་ཡིན།

མཐོ་ལྡིང་དགོན་པ་ནི་མོན་གྷོ་གཞིས་ཆགས་སུ་ཕྱི་ལོག་ནས་ཕེབས་མཁན་ཚོས་ཆོས་མཇལ་དུ་འགྲོ་སའི་དགོན་པ་ཡག་ཤོས་ཞིག་ཡིན། དགོན་པ་དེར་གྲྭ་གྲངས་མང་པོ་མེད་ནའང་། དེར་ནང་རྟེན་སྙིང་པ་དེ་འདྲ་མཇལ་ཁར་བཏང་ནས་ཆོས་ཕྱོགས་ཀྱི་འགྲེལ་བཤད་ཞེ་དྲག་རྒྱབ་ཀྱི་ཡོད་པས། དེར་ཕྱིན་པ་ནི་དགོན་པ་གང་ཞིག་ཏུ་རྟེན་སྐུ་གཟུགས་མཇལ་ཙམ་བྱས་ནས་ཡོང་བ་ལས་ལེགས་པ་ཡོད།



མཐོ་ལྡིང་དགོན་པའི་ངོ་སྤྲོད་མདོར་བསྡུས།
ཁོ་བོས་དགོན་པ་དེར་གནས་བཤད་མཁན་རྒན་ལགས་ཞིག་འདུག་པ་དེར་དགོན་པའི་ངོ་སྤྲོད་རགས་ཙམ་བཀའ་དྲི་ཞུས་པར། རྒན་ལགས་དེས་བརྗོད་དོན།


བོད་དུ་མཐོ་ལྡིང་དགོན་པ་རྒྱབ་ནས་ལོ་ཆིག་སྟོང་ཆིག་བརྒྱ་འགྲོ་ཡི་ཡོད་པ་དང་། དགོན་པ་དེ་ཕྱག་བཏབ་མཁན་ནི་ལོ་ཙཱ་བ་རིན་ཆེན་བཟང་པོ་སྐུ་ཕྲེང་དྲུག་པ་ཡིན་ཞིང་ཁོང་ནི་པི་ཏི་རྟ་དབང་དགོན་པ་དང་ལ་དྭགས་ཨ་ཆི་དགོན་པ་ཕྱག་བཏབ་མཁན་ཡང་ཡིན། ད་ལྟའི་བར་ལོ་ཙཱ་བ་རིན་ཆེན་བཟང་པོ་སྐུ་ཕྲེང་བཅུ་དགུ་ཕེབས་ཟིན་ཡོད་པ་དང་། བཅུ་དགུ་པ་ནི་ད་ལྟ་ལྡི་ལིར་བཞུགས་ཡོད་ཟེར།

མཐོ་ལྡིང་དགོན་པ་དེ་ཕྱག་བཏབ་ཚུལ་ཡང་མཚན་གང་གཅིག་ལ་ས་འདྲུས་པ་དང་ལྡིང་ཆ་རྒྱབ་པ་དང་རྒྱ་ཕིགས་ཕུབས་པ་དང་སྐུ་གཟུངས་ཐུགས་རྟེན་རབ་གནས་དང་བཅས་པ་གནང་པའི་བཤད་སྲོལ་ཡོད་ཟེར།



མཐོ་ལྡིང་ཟེར་དོན་ནི་ན་ལེནྜ་ནས་མགོན་པོ་གུར་མཐོ་ལྡིང་ལ་ཆོས་ཐོགས་ལ་ཕེབས་ནས་རི་ཞིག་གི་རྩེར་བབ་ནས་འདི་མཐོ་ལྡིང་མིན་ནམ་གསུངས་པས། དེར་མེང་ནམ་དགོན་པ་ཆགས་པ་ཡིན། དགོན་པ་དེ་ནི་མཐོ་ལྡིང་དགོན་པ་ནས་ཀི་ལོ་མི་ཊར་གཅིག་གཉིས་ས་ལ་ཡོད། དེ་ནས་དགོན་པོས་གནྡི་ལ་ཆིབས་ནས་མཐོ་པོར་ནམ་མཁའ་ལ་་ལྡིང ནས་མཐོ་ལྡིང་དགོན་པ་རྒྱག་ས་དེར་ཕེབས་པས་མཐོ་ལྡིང་དགོན་པ་ཞེས་བྱུང་བ་ཡིན་ཟེར། ཕྱི་ལོ་༡༩༥༩ལོར་དགོན་པའི་ནང་རྟེན་བོད་ནས་འདིར་ཁྱེར་ཡོང་མཁན་མི་༦༠ཡོད་ཀྱང་ད་ལྟ་ནི་ཚང་མ་འདས་ཚར་བ་རེད། ད་བར་འདི་ནས་ནང་རྟེན་ཚང་མ་རྐུ་ལ་མ་ཤོར་བ་དང་ཁ་མ་འཐོར་བར་བདག་གཉེར་བྱེད་ཡོད། ཆོལ་ཁ་གསུམ་གྱི་མི་སུ་ཡོང་ནའང་འགྲེལ་བཤད་དེ་ག་རྒྱག་གི་ཡོད། དུས་ཚོད་བྱུང་ན་འགྲེལ་བཤད་རྒྱས་པོ་དེ་འདྲའང་རྒྱག་གི་ཡོད་ཟེར། ད་ལྟ་འདིར་ནི་གྲྭ་གྲངས་ནི་བཅུ་གསུམ་ཙམ་ཡོད་པ་དང་། མཚན་ཉིད་དཔེ་ཆ་སློབ་གཉེར་བྱེད་རྒྱུ་མེད་རུང་རྒྱུན་ལྡན་ཚོགས་འཚོགས་པ་དང་། འདོན་ཁ་འཕྲད་སྦྱངས་པ་དང་ཞབས་བརྟན་འགྲོ་བ་སོགས་བྱེད་ཀྱི་ཡོད་ཟེར། ༼གོང་གསལ་འགྲེལ་བརྗོད་དེ་དག་དུང་དཀར་ཚིག་མཛོད་དང་མི་འདྲ་བ་འདུག་ཀྱང་། གནས་བཤད་པས་གང་བཤད་བཞིན་འདིར་བཀོད་པ་ཡིན།༽
མཐོ་ལྡིང་དགོན་པའི་ནང་རྟེན།
དགོན་པ་དེའི་ནང་རྟེན་དེ་ཚོ་ནི་ལོ་ཆིག་སྟོང་གཅིག་བརྒྱ་ལྷག་པ་ཤ་སྟག་ཡིན་ཟེར་གྱི་འདུག ནང་རྟེན་གྱི་ངོ་བོ་ལ་གླིང་སེང་ཆེན་རྒྱལ་པོའི་ཐུགས་རྟེན་ཡིན་ཟེར་བའི་ཞལ་ཐང་དང་། འབྲོང་གི་རྭ་ཅོ། སྲིན་མོའི་པགས་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབུ་ཐོད་ཡིན་ཟེར་བ་དང་། དེ་བཞིན་རྟེན་སྐུ་འདྲ་མིན་སོགས་གང་མང་མཇལ་རྒྱུ་འདུག་པས། ཞིབ་རྒྱས་འདིར་བྲི་མ་ཁོམ་པས་རེ་ཞིག་དེ་ཙམ་ཡིན།

2010-05-14

ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན་སོགས།

ད་ནངས་ངོས་རང་རེས་གཟའ་ཟླ་བའི་བདུན་རེའི་གུང་སེང་གི་ཉི་གཞོན་འོག་དབྱིན་ཡིག་གི་ཉིན་རེའི་ཚགས་པར་ལ་བལྟ་བཞིན་པའི་སྐབས། མཁས་དབང་དགེ་བཤེས་ཆེན་པོ་རྒན་དཔལ་ལྡན་གྲགས་པ་མཆོག་གིས་བདག་ལ་རྒན་ཉིད་ཀྱིས་འཇགས་རྩོམ་གནང་བའི་དཔེ་དེབ་གསར་པ་༼ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།༽ཞེས་པ་དེའི་དཔར་མ་གཅིག་གནང་འདུག་པས། དགའ་ཚོར་ཆེན་པོས་དཔྲལ་བར་མཆོད་དེ་ཞལ་འཇལ་ཞུས་པས་ཡིད་ཀྱི་དང་བ་རབ་དུ་བརྟས་བྱུང་། དེ་ནས་འདིར་ཟིན་བྲིས་ཀྱི་ནང་དུ་དྲ་གྲོགས་ཚོར་ངོ་སྤྲོད་ཞིག་བྱ་འདུན་བསྐྱེད་པས་རེ་ཞིག་ངོ་སྤྲོད་མདོ་ཙམ་ཞུས་ན།


༡ དཔེ་དེབ་ཀྱི་མཚན།
༼ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན་དང་། ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།༽
༢ ཁྱོན་བསྡོམས་ཤོག་ངོས། {༢༤༩}
༣ དེབ་ཀྱི་རིན་གོང་། ༼ད་ལྟ་མ་ཤེས།༽
༤ ནང་དོན།
ཕྱག་དཔེ་འདི་ནི་སྟབས་བདེ་ཡོང་སླད་དཔེ་ཆ་ལྔ་གཅིག་ཏུ་བསྡུས་པའི་ཕྱོགས་བསྒྲིགས་ལྟ་བུར་དཔར་དུ་སྐྲུན་འདུག དེ་ཡང་།
༡ ལེགས་བཤད་དད་ཚུལ་མཛེས་པ་གསལ་བའི་རྒྱན།
དེ་ནི་གཙོ་བོ་མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དད་པ་སྐྱེ་ཚུལ་ལ་བརྩམས་ནས་དད་པའི་རྣམ་གཞག་བརྗོད་པ་ཞིག་ཡིན་འདུག
༢ ལེགས་བཤད་སྙིང་པོའི་ཚིག་དོན་ལ་དཔྱད་པ་རྗེ་བཙུན་བླ་མ་དགྱེས་པའི་མཆོད་སྤྲིན།
དེ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་མཛད་པའི་ལེགས་བཤད་ཀུན་གྱི་སྙིང་པོ་དྲང་ངེས་ཀྱི་སྐོར་ལ་དོགས་པ་དཔྱོད་པ་ཡིན་འདུག
༣ སྟོང་ཉིད་ཀྱི་དགག་བྱའི་སྐོར་ལ་དྭོགས་དཔྱོད་གནད་བསྡུས།
དེ་ནི་
༤ བདག་འཛིན་ཕྲ་རགས་སྐོར་དྭོགས་དཔྱོད་སྙིང་བསྡུས།
༥ ཚུལ་གསུམ་སྐོར་དྭོགས་དཔྱོད་གནད་བསྡུས།
དེ་ནི་རྗེས་དཔག་གི་བསྒྲུབ་བྱ་རྟོགས་པའི་ཐབས་ཚུལ་གསུམ་གྱི་རིགས་པ་འགྲོ་བཤད་པ་ཚད་མའི་སྐོར་ཡིན་འདུག

༥ རྩོམ་པ་པོ་ངོ་སྤྲོད།

དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པ་མཆོག་ནི་སྤྱི་ལོ་༡༩༣༣ཟླ་བ་དྲུག་པའི་ཚེས་༤ཉིན་ཏྲེ་ཧོར་བྲག་མགོའི་ཡུལ་དུ་འཁྲུངས། དགུང་ལོ་༡༣་ཐོག་རང་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་བཞུགས་དང་དགུང་༡༨་ལ་ལྷ་སར་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཚོགས་བཞུགས་ཀྱིས་ནང་དོན་རིག་པ་ལ་སློབ་གཉེར་གནང་།

དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དོན་གྲུབ་གཙོ་བོར་གྱུར་པའི་ཚུལ་ཁང་བླ་མ་རིན་པོ་ཆེ་དང་། ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ། ཤག་སྐོར་མཁན་རིན་པོ་ཉི་མ་རྒྱལ་མཚན། ཚུལ་ཁང་མཁན་ཟུར་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན། ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་བཅས་བློ་གསལ་གླིང་གི་མཁས་དབང་དུ་མ་ཡོངས་འཛིན་དུ་བསྟེན་ཅིང་། སྤྱི་ལོ་༡༩༥༩ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ནས་སྤྱི་ལོ་༡༩༧༣ ལ་ཝ་ཎ་མཐོ་སློབ་དུ་ཨཱ་ཅརྱའི་རྒྱུགས་སྤྲོད་དང་། སྤྱི་ལོ་༡༩༧༥ ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་མཛད་པ་དང་། བར་སྐབས་ཤིག་ཏུ་ལྡི་ལི་བོད་ཁང་དུའང་ཕྱག་ལས་གནང་ཡོད་ལ་དེ་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ད་བར་གདན་ས་ཆེན་པོར་དཔེ་ཁྲིད་མཛད་པའི་འཕྲིན་ལས་ཀྱི་པད་མོ་བཞེད་པས་སྐལ་ལྡན་རྣམ་དཔྱོད་ཅན་གྱི་གདུལ་བྱའི་བུང་བ་མཐའ་ཡས་པ་སྐྱོང་བཞིན་ཡོད་པ་ལགས་སོ།།

༦ བརྩམས་ཆོས་གཞན། ༡ ལེགས་བཤད་དད་པའི་མཛེས་རྒྱན། ༢ དམ་ཆོས་སྣང་བའི་སྒྲོན་མེ། ༣ ལེགས་བཤད་ལུང་རིགས་དགའ་ཚལ་བཅས་བཞུགས་ཡོད།

ཤེས་བྱའི་ལང་ཚོ།

༼ད་རིང་ངས་ཁ་ཉིན་ཁས་ལེན་པ་བཞིན་དཔེ་ཚོང་ཁང་དེར་ཕྱིན་ཀྱང་། སྒོ་རྒྱབ་བཞག་ཡོད་པར་སོང་རེ་ཞིག་ཤག་ཏུ་ལོག་ཕྱིན་པ་ཡིན། དཔེ་དེབ་དེ་བལྟ་འདོད་ཀྱི་འདུན་པས་མ་བཟོད་པར་ཡང་དཔེ་མཛོད་ཁང་ལ་ཁ་པར་ཞིག་བཏང་། "རྒན་ལགས། དེ་རིང་དཔེ་མཛོད་གུང་སེང་རེད་པས།" "མ་རེད་མ་རེད།" "འོ་ན་དཔེ་ཚོང་ཁང་སྒོ་རྒྱབ་འདུག་ག" "མ་རེད་ད་ལྟ་རང་སྒོ་ཕྱེ་ཀ་ཕྱིན་སོང་"ཟེར། དེ་ནས་ངས་རང་གི་དགེ་ཕྲུག་ཞིག་བླུ་བར་བཏང་པ་ལས་ད་ཆ་ལག་ཏུ་ཐོབ་བྱུང་།༽

དཔེ་དེབ་འདི་ནི་མཁས་དབང་འབྲས་བློ་གླིང་ཕ་ར་དགེ་སློང་རྣམ་རྒྱལ་དབང་ཆེན་གྱིས་རྫོགས་པར་བརྩམས་ཏེ་ཕྱི་ལོ་༢༠༠༩ཟླ་བ་༡༡་ཚེས་༩་ཉིན་གླེང་བརྗོད་མཛད་འདུག་པ་དང་ད་ཆ་བློ་གླིང་དཔེ་མཛོད་ནས་དཔར་དུ་སྐྲུན་འདུག

དཔེ་དེབ་འདི་ནི་དེང་སང་བཙན་བྱོལ་ནང་འཐོན་པའི་དེབ་གསར་མཐའ་དག་ལས་ཕུལ་དུ་ཕྱིན་པ་ལྟ་བུ་ཞིག་འདུག་པ་འདི་ལྟར།

༡༽ནང་བརྗོད་བྱའི་ཐད་ནས་བཤད་ན།
ཚན་རིག་ཕྱོགས་ནས་རྡུལ་ཕྲན་སྐོར་དང་། འོད་མདངས་ཀྱི་སྐོར་དང་། གློག་གི་ཤུགས་ངར་གྱི་སྐོར་དང་། ནུས་ཤུགས་ཀྱི་སྐོར་དང་། ཚ་དྲོད་དང་ནུས་པའི་སྐོར་དང་། རླབས་ཀྱི་རྣམ་གཞག་དང་། སྐྱེས་རྡུལ་ཕྲ་མོའི་སྐོར་དང་། ཀླད་པའི་སྐོར་དང་། འཇིག་རྟེན་གྱི་ཁམས་ཀྱི་སྐོར་དང་། ཚན་རིག་གསར་པ་ཆ་ཚད་ངེས་ཅན་དངོས་ཁམས་རིག་པ་quantum physicsསྐོར་སོགས་ཀྱང་འདུག་ཅིང་།
ནང་ཆོས་ཀྱི་ཕྱོགས་ནས་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་སྙིང་དོན། སངས་རྒྱས་ཀྱི་དགོངས་པ་འཚོལ་ཚུལ། གཞུང་ཆེན་སློབ་སྦྱོང་གི་གཞི་རྩ་བློ་རྟགས་བསྡུས་གསུམ་ངོ་སྤྲོད། ཡུལ་གྱི་རྣམ་གཞག ཡུལ་ཅན་གྱི་རྣམ་གཞག ལུས་སེམས་ཕྲ་རགས་སྐོར། སངས་རྒྱས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་འདྲ་མིན་གསུང་ཚུལ། སེམས་སེམས་བྱུང་གིས་ཡུལ་ལ་བྱ་བ་བྱས་ཚུལ་སོགས་མདོར་ན་ནང་ཆོས་ཀྱི་གནད་རྣམས་ལག་འཐིལ་གྱི་སྐྱུ་རུ་ར་བཞིན་དུ་བཀོད་འདུག


༢༽ རྗོད་བྱེད་ཀྱི་ཡི་གེ་སོགས་ཀྱི་ངོས་ནས་བཤད་ན། ཚིག་སྦྱོར་ཕུན་གསུམ་ཚོགས་པས་གོ་བདེ་བ་མ་ཟད། ཚན་རིག་ཀྱི་བཤད་པའི་སྐབས་ཡི་གེ་རྐྱང་པ་མིན་པར་ནང་དོན་གསལ་བཤད་ཀྱི་རི་མོ་བཅས་གོ་བདེ་པོ་དང་རྭ་འཕྲོད་པོ་ཞེ་དྲག་འདུག

༣༽ དེབ་ཀྱི་རྒྱུ་ཆ་དང་རིན་གོང་གི་ཐད་ནས་བཤད་ནའང་། ཤོག་བུ་ཁ་དོག་དཀར་ཞིང་སྤུད་ཀ་ལེགས་པ་བཏང་འདུག་པ་དང་། རིན་གོང་ཡང་མཐོ་པོ་དེ་ཙམ་མིན་པར་སྒོར་༡༥༠་ཙམ་རེད་འདུག

རྩོམ་པ་པོའི་ཆེ་བ་ཞིབ་ཕྲ་འདིར་ཞུ་དགོས་པར་གནང་ཡང་། གང་གི་མཛད་པ་ཁོ་བོས་ཀྱང་ཇི་བཞིན་ཞུ་བ་རེ་ཞིག་བསྐལ་བས་ད་འདིར་ཁོ་བོས་གང་ཐོས་ཞིག་མདོ་རྩམ་ཞུས་ན།

ཁོང་ནི་སྐུ་ན་ཆུང་ངུའི་སྐབས་སུ་བོད་དུ་གདན་ས་ཆེན་པོ་འབྲས་སྤུངས་སུ་ཞུགས་ནས་བློ་གསལ་གླིང་གྲྭ་ཚང་དུ་སློབ་གཉེར་རྫོགས་པར་མཛད། ༼ད་བར་དགེ་བཤེས་ཀྱི་དམ་འཇོག་མཛད་མེད་པས་ཁོང་གི་མཚན་འབྲི་དུས་དགེ་སློང་ཞེས་བཀྱོན་གྱི་འདུག༽ཕྱིས་རྒྱ་གར་དུ་བྲོས་བྱོལ་གྱིས་སྦག་ས་ཆོས་སྒར་དུ་ཕེབས། དེར་གཞན་ལ་ཕྱག་དཔེ་སློབ་ཁྲིད་ཀྱང་གནང་། དེ་ནས་མོན་གྷོར་ཕེབས་ཤིང་ཞུགས། དེ་ནས་ཕྱིས་སྐབས་ཅིག་རིང་ལོ་ངོ་མང་པོ་ཞིག་དབྱིན་ཡུལ་དུ་ཞུགས། དེ་ནས་ཆེད་མངགས་གདན་ས་ཆེན་པོ་འབྲས་སྤུངས་ཀྱི་ཡ་གལ་བློ་གླིང་གྲྭ་ཚང་དུ་ཕེབས་ནས་ད་བར་མདོ་སྔགས་ཀྱི་དཔེ་ཁྲིད་གནང་མུས་ཐོག་དངོས་སློབ་ཕུལ་དུ་བྱུང་བ་བརྒྱ་ཕྲག་འབྱུང་བཞིན་པ་བཅས་སོ།། བརྩམས་ཆོས་ལ། འདུལ་མཛོད་ཀྱི་འགྲེལ་པ་པོད་བཞི། དབུ་མའི་འགྲེལ་པ་པོད་གཅིག ཕར་ཕྱིན་གྱི་འགྲེལ་པ་པོད་གཅིག དེ་བཞིན་སེམས་དང་ཚན་རིག་གྱི་སྐོར་སོགས་མང་དུ་མཆིས།

འདུལ་བའི་ཚིག་མཛོད། དཔེ་དེབ་ངོ་སྤྲོད།

འདུལ་བའི་ཚིག་མཛོད། དཔེ་དེབ་ངོ་སྤྲོད།

མདང་ནུབ་གྲོགས་པོ་ཞིག་གིས་ཁོ་བོ་ལ་ཚིག་མཛོད་ཞིག་གནང་བྱུང་།

ཚིག་མཛོད་དེའི་ཁ་བྱང་དུ་༼དམ་ཆོས་འདུལ་བ་གཙོ་གྱུར་གྱི་གཞུང་སྣེ་མང་ལས་བཏུས་པའི་ཚིག་མཛོད་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།༽ཞེས་འཁོད་འདུག་ལ། རྩོམ་པ་པོའི་མཚན་ལ། འབྲས་བློ་གླིང་ཉག་རེ་ལྷ་རམས་དགེ་བཤེས་ཚེ་དབང་ཉི་མས་བརྩམས་ཞེས་བྲིས་འདུག
དཔར་སྐྲུན་མཁན། ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་དང་ཞུ་དག་ལ་རྡོ་རྗེ་དབང་ཕྱུག་རེད་འདུག་ལ། དེབ་ཀྱི་རྒྱུ་གྲོན་དང་བཟོ་མཁན་ཐའི་ཝན་སངས་རྒྱས་ཀྱི་ཤེས་ཡོན་ཚོགས་པ་རེད་འདུག

རྩོམ་པ་པོའི་ངོ་སྤྲོད་སྙིང་བསྡུས་སུ་ཁོང་ནི་ཕྱི་ལོ་༡༩༣༧ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱེས་པ་དང་། རང་ལོ་དགུ་ལ་ཆོས་ཞུགས་བྱས་པ་དང་རང་ལོ་བཅོ་ལྔ་ལ་དགེ་བའི་བཤེས་གཉེན་ཆེན་པོ་པད་མ་རྒྱལ་མཚན་སོགས་བློ་གསལ་གླིང་གི་མཁས་པ་དུ་མ་བསྟེན་ནས་དབུ་མའི་བར་ལ་བོད་དུ་གཟིགས་པ་དང་། དེ་ནས་སྦག་ས་དང་མོན་གྷོ་གཉིས་སུ་དབུ་མ། འདུལ་མཛོད། སྔགས་ལ་སོགས་པ་ལ་སྦྱངས་པ་མཐར་ཕྱིན་བྱས་རྗེས།
ཕྱི་ལོ་༡༩༧༥ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་གསར་འཛུགས་སྐབས་རྒྱུགས་སྤྲོད་དུ་ཞུགས་ནས་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པ་དང་། ༸གོང་ས་མཆོག་གི་བཀའ་བཞིན་སྤི་ཏིར་མཚན་ཉིད་སློབ་གྲྭ་གསར་འཛུགས་བྱས་པ་དང་། དེ་ནས་རང་གཞུང་ཆོས་དོན་ལས་ཁུངས་ཀྱི་རེ་སྐུལ་བཞིན་བཙུན་དགོན་སྒྲོལ་མ་གླིང་། ནོར་གླིང་ངེས་སྟོན་པས་རེ་སྐུལ་བཞིན་ནོར་གླིང་སློབ་གྲྭ་བཅས་སུ་ནང་ཆོས་ཀྱི་སློབ་ཁྲིད་བྱས། ད་ལྟ་ནོར་གླིང་འཁྲིས་སུ་ཡོད་པའི་ཕྱི་རྒྱལ་བཙུན་དགོན་དུ་ཕྱི་རྒྱལ་སེར་སྐྱ་ཕོ་མོ་ནང་ཆོས་སློབ་ཁྲིད་བྱས་མུས་ཡིན་པ་བྲིས་འདུག

བརྩམས་ཆོས་ལ། སྦག་ས་ཆོས་སྒར་གྱི་ཆོས་འབྱུང་། ལོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་བྱུང་བའི་ཁོར་ཡུག་སྲུང་སྐྱོབ་སྐོར། འདུལ་བའི་ཚིག་མཛོད་བཅས་ཡོད་འདུག

ཚིག་མཛོད་ནང་དུ་དཔེར་ན། ༼ག་ག་ཚིལ། གཡའ་སྒོག་པ་སྟེ་མཆན་ཁུང་དུ་སོར་མོས་རེག་ཅིང་མཉེད་པ།༽ ཞེས་འགྲེལ་བཤད་མདོར་བསྡུས་སུ་དོན་གྱི་ངོ་བོ་སྟོན་པ་དང་། ཡང་ལྕི་ཆོས་བརྒྱད་ལྟ་བུ་ལ་འགྲེལ་བཤད་ཤོག་ངོས་གསུམ་ལྷག་པ་ཡང་གནང་འདུག

མདོར་ན་ཚིག་མཛོད་དེ་ནི་ནང་དོན་རིག་པའི་འཐད་ཕྱུག་པའི་ཚིག་མཛོད་ཅིག་གི་རྣམ་པར་འདུག་ཅིང་། ནང་དོན་ལ་འདུལ་བའི་གཞུང་ཙམ་མིན་པར་ནང་དོན་རིགས་པའི་གཞུང་སྤྱིའི་ཚིག་མང་པོའི་བཤད་པ་ཡང་མཛད་འདུག