Showing posts with label སྤྱི་ཚོགས།. Show all posts
Showing posts with label སྤྱི་ཚོགས།. Show all posts

2011-03-12

བོད་ཡིག་ཚིག་མཛོད་གཉེན་ཆས་དང་བོད་ཡིག་ཁ་པར།


ཉེ་དུས་གསར་དུ་འཐོན་པའི་ཀུ་ཤུའི་རྟགས་ཅན་ཁ་པར་སོགས་ཀྱི་ཚིག་མཛོད་དང་འབྲེལ་ནས་བོད་ཡིག་སྤྱད་ནུས་པའི་ཁ་པར་གཉེན་ཆས་ཀྱི་སྐོར་གླེང་བ།

ཉེ་དུས་ཨམ་ནེའི་སྤྲུལ་སྐུས་ཐུགས་ཁུར་བཞེས་པའི་འབྲས་བུར་གྲགས་པའི་ཚིག་མཛོད་གཉེན་ཆས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་ཨ་ཡེ་པེེཊ་དང་ཨ་ཡེ་ཏ་ཆེ་ནང་དུ་སྤྱད་ནུས་པ་ཞིག་འཐོན་ཡོད་པ་ཤེས་ཕྲལ། ལམ་སེང་ཨ་ཡེ་པེཊ་བརྒྱུད་ནས་ཚིག་མཛོད་དེ་ཕབ་བཅུགས་བྱས་པ་ཡིན། ཚིག་མཛོད་དེའི་མིང་ལ་ཕུར་པ་ཞེས་བཏགས་འདུག་པས་ང་ཚོས་ཁ་པར་སོགས་དྲ་རྒྱར་འཐུད་རྗེས་apps store ཏེ་གཉེན་ཆས་ཚོང་ཁང་ཞེས་པའི་སྡེ་ཚན་དེ་ནང་འཛུལ་ནས་phurba བྲིས་ནས་འཚོལ་ན། གོང་གསལ་ཚིག་མཛོད་གཉེན་ཆས་དེ་བདེ་བླག་རྙེད་ཐུབ་ཅིང་གཉེན་ཆས་ཕབ་ལེན་བྱས་པར་སོ་སོའི་ཐོ་འགོད་གསང་ཚིག་སོགས་ཡོད་དགོས་པ་ཡིན།

ཚིག་མཛོད་དེར་ལེགས་པའི་ཆ་ནི།
༡ རིན་མེད་ཐོག་ཕབ་ལེན་ཐུབ་པ།
༢ བོད་རྒྱ་ཚིག་མཛོད་ཆེན་མོ་ཡོད་པ།
༣ བོད་ཡིག་དབྱིན་ཇི་དང་དབྱིན་ཇི་བོད་ཡིག་གཉིས་ཆར་བསྒྱུར་ཐུབ་པ།

ཚིག་མཛོད་དེར་མི་ལེགས་པའི་ཆ་ནི།
༡ བོད་ཡིག་འགའ་ཞིག་དབྱིན་ཡིག་ཏུ་བསྒྱུར་དུ་ནང་དོན་ཏག་ཏག་མེད་པ།
༢ ཚིག་མཛོད་ཁུངས་ལྡན་མིན་པ་དེ་འདྲ་བླུགས་པ།

ཚིག་མཛོད་དེར་ཕྱིས་སུ་བཀང་དགོས་པའི་ཆ་ནི།
༡ དུང་དཀར་ཚིག་མཛོད་དང་ནང་དོན་རིག་པའི་ཚིག་མཛོད་དེ་འདྲ་བླུགས་དགོས་པ།
༢ ཤེས་རིག་ནས་བཏོན་པའི་དབྱིན་བོད་ཚིག་མཛོད་གསར་མ་བླུགས་དགོས་པ།
༣ དག་ཡིག་གསར་སྒྲིག་བླུགས་དགོས་པ།
༤ བོད་ཀྱི་སུམ་དག་གི་འགྲོ་སྟངས་བླུགས་དགོས་པ།

དེ་དང་ཕྱོགས་མཚུངས་ཁ་པར་དང་འབྲེལ་བའི་བོད་ཡིག་གཉེན་ཆས་ཀྱི་སྐོར་ཏོག་ཙམ་གླེང་ན། ཟླ་ཤས་སྔོན་ནས་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭས་བོད་ཡིག་གཉེན་ཆས་བཟོས་པ་དེ་ནས་བོད་ཡིག་སྤྱད་མཁན་མང་དུ་ཕྱིན་པ་དང་དོ་སྣང་ཅན་མང་དུ་ཕྱིན་པ་ནི་སྨོས་མེད་ཡིན་ནའང་། ཡར་རྒྱས་མུ་འཐུད་གཏོང་དགོས་པར་སོང་ང་ཚོས་དེ་ཙམ་གྱིས་ཕྱོགས་ཤས་མ་བྱས་པར་ད་དུང་ཁ་པར་དང་འབྲེལ་བའི་བོད་ཡིག་གཉེས་ཆས་མང་པོ་བཟོ་སྐྲུན་ཐུབ་ན་མི་རིགས་དང་རིག་གཞུང་ལ་ཕན་འབྲས་ཆེ་བར་མཐོང་། སྤྱིར་བཏང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་ཀྱི་ནང་བོད་ཡིག་བཟོ་སྐྲུན་ཐུབ་པ་ནི་ཆེད་མངགས་འོས་པ་ཞིག་ཡིན་ནའང་། ཀུ་ཤུ་རྟགས་ཅན་གྱི་དངོས་པོ་དེ་ཚོ་ནི་ཧ་ཅང་གི་རིན་གོང་ཆེན་པོ་ཡིན་པར་བརྟེན་མི་མང་པོ་བེད་སྤྱད་མི་ཐུབ་པས་དེ་ཚོད་ཕན་འབྲས་ཆུང་བ་ཡིན་ན། དེ་ལས་རིན་གོང་ཁེ་བ་དང་ཁྱབ་འཕེལ་ཆེ་བའི་ཨེན་ཊོ་ཝཊེ་Android གཉེན་ཆས་དང་ནོ་ཁེ་ཡའི་Nokia གཉེན་ཆས་ Symbian དང་ལྒི་ཁུང་རྟགས་ཅན་གཉེན་ཆས་སོགས་ཀྱི་ནང་དུ་བོད་ཡིག་སྤྱད་ཐུབ་པ་བཟོ་སྐྲུན་ཐུབ་ན་གཏན་གཏན་ད་ལྟའི་དེ་ལས་བརྒྱ་གྱུར་གྱི་ཕན་འབྲས་ཆེ་བ་ཡོང་སྲིད་པ་འདུག་ན། ད་ལྟ་བོད་ཡིག་གཉེན་ཆས་བཟོ་སྐྲུན་ཤེས་པ་ཚོས་རང་གི་ཡོན་ཏན་སྦས་སྐུང་མ་བྱས་པར་བོད་རིགས་གཞན་དང་སློབ་སྟོན་དང་། ཅུང་ཟད་ཤེས་པ་ཚང་མས་མཉམ་རུབ་ཀྱིས་བེད་འབུངས་བྱས་ན། རིང་མིན་དེང་རབས་ཀྱི་ལམ་བུར་བསྐྱོད་བཞིན་པའི་མི་རབས་གསར་པ་དེས་བོད་ཡིག་ལག་པས་བྲིས། བོད་སྐད་ལྕེ་ཡིས་རྒྱག བོད་ཟས་ཁ་ལ་ཟས། བོད་ཞེན་སེམས་ལ་བཅངས། བོད་ཆས་ལུས་པ་གྱོན་པའི་རེ་འདུན་དེ་གྲུབ་ལ་ཉེ།

2010-05-15

བོད་ཡིག་གི་སྒོ་བྱང་། ཤ་བཙོང་རྒྱུ་ཡོད།



གཞིས་ཆགས་འདིར་མོན་གྷོ་ཞེས་པའི་གྲོང་བརྡལ་དང་ཧོབ་ལི་ཞེས་པའི་གྲོང་ཁྱེར་གཉིས་ཡོད་པ་ནི་ངས་བརྗོད་ཡེ་མི་དགོས་པར་ས་གནས་འདིར་ཕེབས་མྱོང་མཁན་ཞིག་ཡིན་ན་མཁྱེན་གྱི་ཡོད་པ་སྨོས་མེད་རེད། དེ་གཉིས་སུ་ཚོང་ཁང་དང་ཟ་ཁང་། གློག་རྩེད་video gameཁང་དང་གློག་བརྙན་ཁང་། ཤ་ཁང་དང་དྲ་ཁང་། དངུལ་ཁང་དང་སྦྲགས་ཁང་། ཀུན་འཛོམས་ཁྲོམ་ར་shopping mallསོགས་དབྱིན་ཡིག་གི་སྒོ་བྱང་ཡོད་པ་མང་པོ་ཡོད་ནའང་། དེ་དག་ལས་བོད་ཡིག་གི་སྒོ་བྱང་ཡོད་པ་ནི་ཉིན་མོའི་སྐར་མ་ལྟར་ཡིན་པ་སྤྱིར་བཏང་གི་ཁོར་ཡུག་གི་རང་བཞིན་ཞིག་ཡིན་པ་ལས་ངོ་གནོངས་དང་ཞུམ་པ་སྐྱེས་དགོས་པའི་གནད་དོན་ཞིག་མིན། འོན་ཀྱང་གྲོང་བརྡལ་དེ་དག་ཏུ་དམིགས་བསལ་གྱི་ཤ་ཁང་མང་པོ་ཞིག་ལ་བོད་ཡིག་གི་སྒོ་བྱང་མཐོང་རྒྱུ་ཡོད་པ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་འདུག་ཡ། ངས་ཧོབ་ལི་གྲོང་ཁྱེར་དུ་ཤ་ཚོང་སའི་སྒོ་ཤེལ་ཁྲའི་སྟེང་ཕག་ཤ་ཡོད་ཅེས་པ་མཐོང་སོང་ལ། མོན་གྷོ་གྲོང་བརྡལ་གྱི་ཤ་ཁང་དེ་དག་གི་སྒོ་འགྲམ་དུ་བོད་ཡིག་གི་སྒོ་བྱང་བྲིས་པ་མང་པོ་མཐོང་སོང་།


ལྷག་པར་དུ་གོང་གི་འདྲ་པར་དེ་ལ་ཡག་པོ་ཞིག་གཟིགས་དང་། དེ་ནི་བོད་ཡིག་མ་རེད་ཟེར་ན་ནི་བོད་ཡིག་གི་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་ཞིག་ཡིན་ལ། བོད་ཡིག་རེད་ཟེར་ན་ནི་གཅི་ཀ་ཀན་ཟེར་བ་དེ་འདྲ་དེ་སྔ་བོད་ཡིག་ཐོག་མེད་ལ། དབྱིན་ཡིག་ཐད་འདོན་ཡིན་ན་ནི་chickenཞེས་པའི་དབྱིན་ཡིག་གི་སྒྲ་གདངས་ཁྱོན་ནས་འཐོན་མེད་ལ། ལྷག་པར་བོད་ཡིག་ནང་བྱ་ཤ་ཞེས་པའི་ཐ་སྙད་ཡོད་བཞིན་དུ་གཅི་ཀ་ཀན་ཟེར་བ་དེ་འདྲ་བྲིས་དགོས་དོན་ཨེ་ཡོད། གལ་ཏེ་བོད་ཡིག་ནང་བྲིས་དགོས་ན་༼བྱ་ཤ་ཚོང་ཁང་དང་། བྱ་ཤ་ལྟེ་གནས་དང་། བྱ་ཤ་སེན་ཀྲར་༽བྲིས་ཆོག་ལ། གལ་ཏེ་སྒྲ་ཐད་འདོན་དགོས་ན་༼ཅིག་ཀེན་སེན་ཊར་༽ཞེས་བྲིས་ནའང་འགྲིགས། དེས་ན་ཡི་གེ་དེའི་དཔེ་བྲིས་མཁན་ནི་གཏན་གཏན་བོད་མི་ཞིག་ཡིན་ངེས་ལ། བོད་མི་ཞིག་གིས་རྒྱ་གར་བ་ཚོར་སྒོ་བྱང་གི་དཔེ་འབྲི་དུས་གང་བྱུང་མ་བྱས་པར་གཟབ་གཟབ་ངང་བརྡ་སྤྲོད་དང་མཐུན་པ་དང་། སྒྲ་གདངས་གསལ་པོ་འཐོན་པའི་ཡི་གེ་བྲིས་དགོས། ལྷག་པར་རྒྱ་གར་བ་ཚོས་བོད་ཡིག་གང་བྱུང་བྲིས་དུས་དོ་བདག་ལ་ཡི་གེ་དེ་འགྲིགས་མི་འདུག་ཅེས་བོད་མི་ཚང་མས་གསལ་བཤད་རྒྱག་དགོས་འདུག རྒྱ་གར་བ་ཚོས་ནི་དཔེར་ན་མངའ་སྡེའི་ཡི་གེ་དབྱིན་ཡིག་གི་འོག་བོད་མི་ཚོས་བྲིས་པར་ལམ་སེང་བསམ་འཆར་འདོན་གྱི་འདུག
ལྷག་དོན་ཤ་ཁང་དེ་ཚོའི་སྒོ་བྱང་ལ་བོད་ཡིག་མང་པོ་ཡོང་བ་དེ་དངོས་གནས་ངོ་ཚ་དགོས་པ་དང་། མི་རིགས་ཀྱི་ཞབས་འདྲེན་ཞུ་ཡི་འདུག

རྒྱ་གར་གྱི་གྲོང་བརྡལ་ཙམ་དུ་མ་ཟད་བོད་མིའི་གཞིས་ཆགས་ཀྱི་ནང་དུའང་བརྡ་སྤྲོད་དང་མི་མཐུན་པའི་བོད་ཡིག་གང་མང་བཀོལ་སྤྱོད་ཡོང་གི་ཡོད་པ་དཔེར་ན། ལོ་སྔོན་མའི་ནང་མོན་གྷོ་གཞིས་ཆགས་ཀྱི་གཞིས་གྲོང་དགུ་ལ་རེག་དུག་༼AID/HIV༽སྐོར་གྱི་འཕྲོད་བསྟེན་ཁྱབ་བསྒྲགས་ཀྱི་སྦྱར་བྱང་༼poster༽ཆེན་པོ་དེ་འདྲ་རེ་བཙུགས་ཡོད། དེ་འདྲའི་ལོ་ནས་ལོ་བར་བསྡད་པའི་སྦྱར་བྱང་གི་སྟེང་བརྡ་དག་དང་མི་མཐུན་པ་བྲིས་པ་འོག་གི་འདྲ་དཔར་ནང་གསལ་བ་ལྟར་རེད།



དེར་༼དུག་སྦྲང་གིས་སོ་རྒྱབ་པ་ཞེས་པའི་དོད་དུ་༽དུག་སྦྲང་གི་སོ་རྒྱབ་པ་ཞེས་བྲིས་ཡོད། དུག་སྦྲང་གི་སོ་རྒྱབ་པ་ལབ་ན་གོ་རྒྱུ་མེད་ཅིང་། ད་དུང་གོ་བ་ལེན་ཤེས་མདོག་བྱས་ན་དུག་སྦྲང་གི་སོ་ཡོད་པར་གོ་ཉེན་ཡོད།


གཞིས་ཆགས་ཉུལ་བའི་ལམ་བར་མཐོང་སྣང་འགའ།།
གུང་སེང་དུས་བསྟུན་རང་བློར་འཆར་སྣང་ཞིག།།
དཔྱད་ཞིབ་ནན་མོ་བྱེད་པར་མ་ཁོམ་ནས།།
ཐད་ཀར་ཟིན་བྲིས་འདིར་སྤེལ་རིག་པ་འདོན།།

གྲྭ་ཆུང་ལོ་༡༢ཅན་གྱིས་ཀྱང་ལོ་གསར་མི་གཏོང་ཚུལ་བཤད་པ།

རེས་གཟའ་ཟླ་བའི་ཉིན་ངོས་རང་མཐོ་ལྡིང་དགོན་པར་འགྲོ་དུས་དགོན་པའི་འདུ་ཁང་སྒོ་རྒྱབ་འདུག་པ་དང་། ཟུར་གྱི་གྲྭ་ཤག་གི་བང་འཁྱམས་སུ་གྲྭ་ཆུང་ཞིག་བསྡད་འདུག ང་དང་ངའི་རོགས་པ་གཉིས་མཐོང་བ་དང་གྲྭ་ཕྲུག་དེས་ནང་རྟེན་མཇལ་བར་སླེབས་ཡིན་པས་ཟེར་བྱུང་བས་ངས་ཡིན་བྱས་པ་དང་། གྲྭ་ཕྲུག་དེས་མགྱོགས་མྱུར་ཐོག་བརྩེགས་གཉིས་པའི་སྟེང་རྒྱུགས་ཕྱིན་སོང་། དེ་ནས་གྲྭ་ཆུང་དེ་ལྡེ་མིག་ཞིག་ཁྱེར་ཡོང་ནས་རྒན་ལགས་ད་ལྟ་ཁ་ལག་མཆོད་ཀྱི་འདུག ཁྱེད་གཉིས་ཡར་ནང་ལོགས་ལ་སྒུག་སྡོད་ཟེར་ནས་འདུ་ཁང་གི་སྒོ་ཕྱེ་སོང་། འདུ་ཁང་ནང་དུ་འགྲོ་དུས་འདུ་ཁང་གི་ཆེ་ཆུང་ནི་གྲྭ་གྲངས་ལྔ་བཅུ་ཙམ་ཤོང་བ་ཞིག་འདུག་པ་དང་དབུས་སུ་༸རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ཞིག་ཁ་མར་སློག་ནས་འདུག ང་དང་ངའི་རོགས་པ་གཉིས་གྲལ་གཡས་གཡོན་གྱི་ཚོགས་གདན་སྟེང་བསྡད་ནས་ངས་གྲྭ་ཕྲུག་ཆུང་ཆུང་དེར་སྐད་ཆ་བཤད་མགོ་བཙུགས་པ་ཡིན། "བུ་ཁྱེད་ཀྱི་ནང་གང་དུ་ཡོད།" གྲྭ་ཕྲུག་དེས་"སིཀ་ཀིམ་ལ་sikkim"ལ་ཡོད་ཟེར། ངས་"རང་ལོ་ག་ཚོད་ཡིན་" "ལོ་བཅུ་གཉིས་ཡིན"ཞེས་ཁོས་ལན་བཏབ། དེ་ནས་ངའི་རོགས་པ་དེས་ཁོ་ལ་ལག་པ་གཡོན་ཕྱོགས་སུ་བཞུགས་ཁྲི་ཞིག་འདུག་པ་དེ་སུས་རེད་ཟེར་དྲིས་སོང་བས་གྲྭ་ཕྲུག་དེས་རྒན་གྱི་རེད་ཟེར། ལག་པ་གཡས་ཕྱོགས་སུ་ཁྲི་གཅིག་འདུག་པ་སུས་རེད་ཟེར་དུས་གྲྭ་ཕྲུག་དེས་འདི་ངས་ཤེས་ཀྱི་མེད། གང་ཡིན་ཟེར་ན་ང་འདིར་སླེབས་ན་ལོ་གསུམ་མ་གཏོགས་འགྲོ་གི་མེད་ཟེར། ངས་རོགས་པ་དེས་ཀུ་རེའི་ཚུལ་དུ་"ཨ་ནེ། ཁྱེད་ཚོ་དགོན་པར་ལོ་གསར་གཏོང་གི་མིན་ནམ། ང་ཚོའི་དགོན་པར་ལོ་གསར་རེད་འདུག་ད།"ལབ་སོང་བས། གྲྭ་ཕྲུག་དེས་"ང་ཚོ་ད་ལོ་ལོ་གསར་ཡོད་མ་རེད།" "ག་རེ་ཡིན་ནམ"ངས་དྲིས། གྲྭ་ཕྲུག་དེས་"གང་ཡིན་ཟེར་ན། ད་ལོ་བོད་ནང་རྒྱ་མིས་བོད་མི་མང་པོ་བསད་ཙང་ང་ཚོ་ལོ་གསར་གཏོང་གི་ཡོད་མ་རེད།"ཞེས་ལབ་སོང་བས། ངའི་རོགས་པ་དང་ང་གཉིས་ཧ་ལས་སོང་། གཞིས་གྲོང་ནང་གི་དགོན་པའི་གྲྭ་ཕྲུག་ཞིག་གིས་སྐད་ཆ་ཆེན་པོ་དེ་འདྲ་བཤད་དུས་ང་ནི་ཧང་སངས་ཤིང་ཡི་རང་ཤོར་སོང་། ང་ཚོ་གྲྭ་སའི་ནང་དུ་ནི་ལོ་གསར་མགོ་བཙུགས་པ་དང་མི་རྒན་པ་ཁ་ཤས་ཀྱིས་ཀྱང་གཞས་སྐད་ཆེན་པོ་དེའང་གཏོང་གི་འདུག་ལ་ད་དུང་ལོ་གཞོན་ཞིག་གིས་ང་ལ་ལོ་གསར་མི་གཏོང་ན་ཕན་ཐོགས་མེད་ཁར་སོ་སོ་གྱོང་རེད། བོད་ནང་མི་བསད་པར་བལྟ་རྒྱུ་མེད། ལོ་རྟག་པར་བསད་ཀྱི་ཡོད་རེད་ཟེར་གྱི་འདུག

2010-05-14

ལོ་༤༨རྗེས་སུ་གདོང་དེབ་བམ་ཕེ་སེ་བྷུཀ་facebookབརྒྱུད་མཉམ་འཛོམས་བྱུང་བ།

སྤྱི་ཚོགས་ཀྱི་དྲ་རྒྱ་གདོང་དེབ་ཕེ་སེ་བྷུཀ་བྱ་བ་བརྒྱུད་ནས་ལོ་ངོ་༤༨ཉེ་བ་ཐུག་འཕྲད་མ་བྱུང་བའི་བུ་མོ་ཞིག་རང་གི་ཕ་དང་བསྐྱར་འཕྲད་བྱུང་ཡོད་པ་རེད།

གཅུང་མོ་ཀིམ་དང་ཕ་ཏོ་ནི་དང་ཧྥ་རེན་སཻ་སེ་མོ་རང་བཅས་མཉམ་འཛོམས་ཀྱི་འདྲ་དཔར།

རང་ལོ་༥༡་ལོ་སོན་པ་ཧྥ་རེན་སཻ་སེ་་་་སིམྥ་སོན་Frances Simpsonཟེར་བ་ཤེ་རོབ་ཤེ་རི་Shropshireནས་ཡིན་པ་ཞིག་བདུན་ཕྲག་སྔོན་མའི་ནང་རང་ལོ་གསུམ་གྱི་སྐབས་ཕ་མ་ཁ་བྲལ་གྱིས་ད་བར་མ་ཐུག་པའི་རང་གི་ཕ་དངོས་སུ་མཐོང་ཡོད། མོས་རང་གི་ཕའི་མིང་བརྗེས་པ་མ་ཤེས་པར་ལོ་ངོ་༣༣གྱི་རིང་འབད་བརྩོན་ཆེན་པོ་གང་སར་བཙལ་ཀྱང་རྙེད་མེད་པ་རེད།
འོན་ཀྱང་ད་ལན་ཧྥ་རེན་སཻ་སེའི་གྲོགས་པོ་ཞིག་གིས་མོའི་མི་བརྒྱུད་ལ་ཉམས་ཞིབ་བྱས་པ་ལས་ཁོང་མེ་ལི་ཉིས་བརྒྱའི་༢༠༠བར་ཐག་ལས་མེད་པའི་པོལ་ལེ་Pooleརྒྱལ་ཁབ་ཀྱི་ནང་ཡོད་པ་ཤེས་པ་དང་། ཧྥ་རེན་སཻ་སེ་མོ་རང་ལ་ཕ་གཅིག་པའི་གཅུང་མོ་ཀིམ་་་་མེཀ་ནའུ་ཊོན་Kim Macnautonཟེར་བ་dailymail.co.ukཉིན་རེའི་གསར་འཕྲིན་གསར་འགོད་པ་ཞིག་ཡོད་པ་ཧ་གོ་བས། ཧྥ་རེན་སཻ་སེས་གདོང་དེབ་ཕེ་སེ་བྷུཀ་དྲ་རྒྱའི་ནང་ཀིམ་བཙལ་ནས་འཕྲིན་དེ་འདྲ་ཞིག་བཏང་།

"འདིས་ཁྱེད་རང་ཧོན་འཐོར་དུ་འཇུག་མདོག་ཁ་པོ་རེད། ངའི་བསམ་པར་ཁྱེད་རང་ངའི་གཅུང་མོ་རེད་ཤག"

སྟབས་ལེགས་པ་ཞིག་ལ་ཧྥ་རེན་སཻ་སེའི་འཕྲིན་དེ་ཀིམ་ལ་འབྱོར་བའི་སྐབས་ལོ་ངོ་༧༢་ལ་སོན་པའི་ཁོང་ཚོའི་ཕ་ཏོ་ནི་་་མེཀ་ནའུ་ཊོན་Tony Macnautonབུ་མོ་ཀིམ་༼ལོ་༡༩༽གྱི་རྒྱབ་དེ་ཁར་ཡོད་པས་ཁོང་ཚོ་ཕན་ཚུན་དངོས་འབྲེལ་སྤུན་མཆེད་ཡིན་མིན་བགྲོ་གླེང་གིས་མཐར་སྤུན་མཆེད་ཡིན་པ་ཤེས་འཕྲལ་ཕན་ཚུན་ཁ་པར་ཨང་ཀི་སྤྲོད་རེས་ཀྱིས། མཐར་ལོ་ངོ་༤༨་རྗེས་ཀྱི་ཧྥ་རེན་སཻ་སེས་རང་གི་ཕ་ལ་སྐད་ཆ་དང་པོ་དེ་བཤད་ཡོད།

དེ་ནས་ཧྥ་རེན་སཻ་སེས་པོལ་ནང་འགྲུལ་བཞུད་ཀྱིས་བདུན་ཕྲག་སྔོན་མའི་རེས་ས་པ་སངས་ཀྱི་ཉིན་རང་གི་ཕ་དང་གཅུང་མོ་ཐོག་མར་ཐུག་ཡོད་པ་རེད།

ཧྥ་རེན་སཻ་སེས་ ༼དེ་དུས་མོ་རང་ཟླ་བའི་ནང་སླེབས་པ་ལྟ་བུ་དང་། འབྲེལ་བརྗོད་བྱེད་མ་ཐུབ་པའི་ཚོར་བ་སླེབས་བྱུང་། དཔེ་མི་སྲིད་པ་བྱུང་། ལོ་འདི་དག་གི་མཐར་མར་ང་རང་གི་པཱ་ལགས་ཚུར་རྙེད་བྱུང་།༽ ཅེས་ལབ་ཡོད།

བྱེ་མའི་ནང་གསེར་ཡོད་པའི་དཔེ་ལྟར་བོད་ཀྱི་ཡུལ་སྐད་ནང་ཐ་སྙད་ཀྱི་ཕ་ལམ་ཡོད།

དེང་སང་གྱི་སྤྱི་ཚོགས་འདིར་བོད་ཀྱི་ས་ཁུལ་གང་ས་ནས་མི་མང་འདུ་འཛོམས་ཡོང་བས་མི་སོ་སོའི་ཕ་ཡུལ་གྱི་ཡུལ་སྐད་བོད་སྤྱིའི་སྐད་ཡིག་དང་མཉམ་གསེས་བྱེད་ཀྱི་ཡོད་པར། རྣམ་དཔྱོད་དང་ལྷག་བསམ་ལྡན་པའི་སྐྱེས་བུ་ཁག་གཅིག་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད། སྤྱིར་བཏང་བོད་ཀྱི་ཡུལ་སྐད་བོད་སྤྱིའི་སྐད་ལ་མཉམ་གསེས་བྱས་པས་བོད་ཀྱི་སྐད་ཡིག་བསྒྱུར་འགྲོ་བ་དང་། ཚང་མས་གོ་རྟོགས་མི་ཐུབ་པར་འགྱུར་བ་སོགས་སྐྱོན་ཆ་ཇི་སྙད་ཅིག་ཡོད་པར་ཁོ་བོ་ཡང་འདོད་ཀྱིན་ཡོད་མོད། འོན་ཀྱང་ང་ཚོས་ཡུལ་སྐད་ཡིན་ནོ་ཅོག་ལ་ཁྱད་གསོད་མ་བྱས་པར་ཡུལ་སྐད་ཀྱི་གསེབ་ན་བརྟག་དཔྱད་བྱས་ན་ཕ་ལམ་དང་འདྲ་བའི་བོད་ཀྱི་ཐ་སྙད་དེ་འདྲ་རྙེད་སྲིད་སྙམ།

དེ་ཡང་དེང་སང་ང་ཚོས་རི་དྭགས་དང་བྱ་རིགས། འབུ་སྲིན་སོགས་དང་། ཤིང་འབྲས། ཤིང་སྡོང་། ཐ་ན་རྩ་ཡན་ཆད་མཐོང་དུས་ལམ་སེང་"འདིའི་མིང་ལ་དབྱིན་སྐད་ལ་དེ་འདྲ་ཞིག་ཟེར། བོད་སྐད་ནང་ད་ལྟ་མེད་པས་གསར་པ་ཞིག་བཏགས་ན་་་་འོ་རེད་རྩ་འཆོང་ལྟ་བུ་ཟེར་དགོས།" ཞེས་གྷྲ་སེ་ཤོབ་པར་grasshopperལ་ཨ་ཚག་ཚག་པ་ཟེར་བ་མ་ཤེས་པར་སྒྲ་ཐད་བསྒྱུར་གྱིས་རྩ་འཆོང་ཞེས་བཏགས་དགོས་པ་སོགས་ཡོང་བ་ཡིན། འདི་འདྲ་ཡིན་དུས་དེང་སང་ཡོངས་གྲགས་བོད་སྐད་ནང་མིང་འདི་ཡིན་མེད་པ་ཡུལ་སྐད་དུ་མིང་ཡོད་པ་དེ་འདྲ་ཡོད་ན་ཡུལ་སྐད་རེད་ཅེས་མ་དོར་བར་''དངོས་པོ་དེ་འདྲ་ལ་ངེད་ཚོ་བོད་རང་གིས་སྔར་ནས་མིང་བཏགས་ཡོད་འདུག་"ཞེས་ཕ་ལམ་རྙེད་པ་ལྟ་བུའི་དགའ་ཚོར་གྱིས་ཁྱབ་བསྒྲགས་བཏང་ནས་་བདག་སྲུང་བྱེད་དགོས། དཔེར་ན་སེ་ཁུའི་རེལ་squirrelལ་ཡུལ་ལུང་འགའ་ཞིག་ཏུ་ཐང་ལི་ཟེར་བ་དང་། ཁ་ཤས་སུ་ཐོ་ཐག་ཁ་ལི་༼དག་ཆ་མི་ཤེས་༽ཟེར་བ་དང་། ཁ་ཤས་སུ་ཤིང་ཙིག་ཟེར་བ་ལྟ་བུ་ཡིན།

དཔྱད་ཞིབ་པས་འདེམས་པའི་གློག་བརྙན་བྱ་དགའ།

གློག་བརྙན་འཁྲབ་ཁྲིད་པ་ཇེམ་སེ་་་ཀ་མེ་རོན་(James Cameron)གྱི་ངོས་སུམ་(3D)གློག་བརྙན་དཔའ་བོའི་སྒྲུང་གཏམ་ཨཕ་ཏར་(Avater)ཞེས་པ་དེ་དང་ཁུའི་ཊིན་་་ཏ་རན་ཊི་ནོའི་(Quentin Tarantino)གློག་བརྙན་ཨིངྒ་ལོ་རིའུསེ་་་བྷ་སེ་ཏྲེཌ་(Inglorius Basterds)ཞེས་པ་གཉིས་ཀྱིས་༢༠༡༠ལོའི་དཔྱད་ཞིབ་པས་འདེམས་པའི་གློག་བརྙན་བྱ་དགའ་(Critic's Choice Movie Awards)མང་ཆེ་བ་ལེན་ཕྱིན་སོང་ཞེས་ལོན་ཌོན་ནས་PTIགསར་འགྱུར་སྤེལ་འདུག

དེ་ཡང་རེས་ས་པ་སངས་ཀྱི་ཉིན་བྱ་དགའི་ཆུན་པོ་འཆང་བའི་ཧོ་ལི་འུ་ཌིའི་འདུ་འཛོམས་ཐོག་ཀ་མེ་རོན་གྱི་གློག་བརྙན་གྱིས་མཚན་མོའི་འཕྲུལ་ལས་བྱ་དགའ་ཚང་མ་དང་འཁྲུག་འཛིང་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་དང་བཅས་པ་དྲུག་ལེན་པ་དང་།

བོད་ནང་ལོ་བདུན་གྱི་གཙོ་འཁྲབ་པ་(hero)བྷྲཊ་པིཊ་(brad pitt)གྱིས་འཁྲབ་པའི་གློག་བརྙན་ཨིངྒ་ལོ་རིའུསེ་་་བྷ་སེ་ཏྲེཌ་ཞེས་པས་དཔར་ངོས་ངོ་མའི་གློག་བརྙནཡག་ཤོས་དང་། ཆ་སྙོམ་གྱི་འཁྲབ་སྟངས་ཡག་ཤོས་དང་། གཙོ་འཁྲབ་པའི་ལས་རོགས་འཁྲབ་མཁན་༼སྐུ་ཞབས་ཀི་རི་སེ་ཏོཕ་་་ཝལྫེ་ལ་(christoph waltz)༽ཡག་ཤོས་བཅས་ཀྱི་བྱ་དགའ་གསུམ་ཐོབ་ཡོད་འདུག
ཡང་། ཀཐེ་ཡེན་་་བྷི་ཇེ་ལོའུ་(kathryn bigelow)འཁྲབ་ཁྲིད་བྱེད་པའི་དམག་གི་ངར་སློང་གློག་བརྙན་དཱ་་་ཧྲནྟ་་་ལོག་ཀར་(The Hurt Locker)ཞེས་པ་དེར་གྲུབ་འབྲས་ཀྱི་བྱ་དགའ་ཆེ་ཤོས་འཁྲབ་ཁྲིད་པ་ཡག་ཤོས་དང་དཔར་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། གློག་བརྙན་འཁྲབ་མཁན་སན་དྷ་ར་་བྷལ་ལོཀ་(sandra bullock)དང་མེར་ལེ་་་སེ་ཊིབ་(merly streep)གཉིས་ལ་རིམ་པ་བཞིན་དཱ་་བི་ལེནྜ་་སེྱ་ཌེ་(The Blind Side)ཞེས་པ་དང་ཇུ་ལི་དང་ཇུ་ལྱི་(Julie & Julia)ཞེས་པའི་གློག་བརྙན་གཉིས་བརྒྱུད་ནས་མཛངས་མ་འཁྲབ་མཁན་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

2010.1.17ཉིན་སྤེལ།

བི་རི་དང་མོན་གྷོ་གཞིས་ཆགས་གྲོགས་གྲབས་ཡོད་པ།

༈ ད་ནངས་དང་ཁ་སེང་སྔ་དྲོ་ཆུ་ཚོད་༡༠ནས་ཉིན་རྒྱབ་བར་ངོས་རང་མོན་གྷོ་གཞིས་གྲོང་གསུམ་པར་བསྡད་པ་ཡིན། མོན་གྷོ་གཞིས་གྲོང་གསུམ་པ་ནི་མོན་གྷོ་གཞིས་ཆགས་ཀྱི་ལྟེ་བ་ལྟ་བུ་ཡིན་ཏེ། དེར་འབྲས་སྤུངས་ས་སྐྱ་གཞིས་གྲོང་༦། ༧། ༨། བཅས་ནས་མར་ཕེབས་མཁན་དང་། བཙུན་དགོན་གཞིས་གྲོང་༥། ༤། ༩བཅས་ནས་ཚུར་ཕེབས་མཁན་དང། ཡང་དགའ་ལྡན་སྙིང་མ་གཞིས་གྲོང་༡། བཅས་ནས་ཡར་ཕེབས་མཁན་སོགས་མདོར་ན་མོན་གྷོ་ས་གནས་ཀྱི་བོད་མི་ཚང་མ་རང་ཤུགས་བསྡུ་འཛོམས་བྱ་ས་དེ་ཡིན། དེང་སང་གནམ་གཤིས་ཧ་ཅང་ཚ་གྲང་སྙོམས་པས་གཞིས་གྲོང་གསུམ་པའི་ཇ་ཁང་དེ་ཚོའི་སྒོ་འགྲམ་ཀྱི་རྐུབ་སྟེགས་སྟེང་ཇ་ཕོར་པ་གང་འཐུང་ཞོར་སུམ་མདོ་ཁའི་འགྲོན་པོ་ཚོར་བལྟས་བསྡད་ན་བག་ཕེབས་པ་ཞིག་འདུག ཡིན་ནའང་མཁྲིས་སུ་ཡོད་པའི་སྤོ་བོ་དེའི་དུ་བ་ངེད་ཀྱི་ངོ་གདོང་ལ་ཕོགས་དུས་དབང་མེད་དུ་གློ་རྒྱག་བྱུང་བ་དང་བསྡད་མ་འདོད་པའི་སྣང་བ་ཞིག་སྟེར། སྤྱིར་མོན་གྷོ་གཞིས་ཆགས་དེ་ཉམ་ཆུང་དང་ཡ་རབས་ལྡན་པ་ཞིག་ཡོད་ནའང་། ཁོར་ཡུག་གི་རྐྱེན་པས་བོད་མི་མང་པོ་ཞིག་གིས་རང་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་མ་བསམ་པར་སྤྱོད་པ་འཆལ་ཏེ། རྫས་ངན་ནམ་དུག་རྫས་ལས་གྲུབ་པའི་སྐྱག་པ་སེ་ཊར་starམ་དྷུ་maduཁན་ནེ་khanne པན་pan༼ངས་དེ་དག་ལ་སྐྱག་པ་ལབ་ཀྱི་ཡོད།༽སོགས་འཛེམ་དོགས་མེད་པར་སྤྱོད་ཀྱི་ཡོད་པ་ནི་ངས་བཤད་ག་ལ་དགོས། ཡིན་ནའང་དེང་སང་དེའི་སྟེང་བོད་མི་ཚོས་ཐ་མག་ལ་དབྱིངས་བཞུགས་ཡོང་གི་འདུག་པ། ལོ་ཤས་སྔོན་ནས་མོན་གྷོ་གཞིས་ཆགས་ཀྱི་རླང་འཁོར་གཏོང་མཁན་ཁ་ཤས་ཀྱིས་ཐ་མག་རེ་འཐེན་བཞིན་འགྲུལ་མི་འགུག་བསྡད་ཀྱི་ཡོད་པ་ནས། ད་ཆ་མི་རྒན་སྤོ་བོ་དེ་ཚོའང་བི་རི་༓འདྲ་ཞིག་འཐུང་ག་བྱེད་ཀྱི་འདུག དེ་ཡང་མི་གཅིག་གིས་འཐུང་ནའང་དེ་འདྲ་རེད་མོད། དེ་འདྲ་མིན་པར་འཐུང་མཁན་མང་པོ་འདུག་སྟེ་དེ་རིང་ངའི་མིག་གི་མཐོང་སར་སྤོ་བོ་གཉིས་གསུམ་རུབ་ནས་བི་རི་ཁ་ཤས་འཐུང་སོང་ལ། ཁ་སང་ཡང་ཚོང་པ་ཁ་ཤས་ཀྱིས་འཐུང་ཁ་བྱེད་ཀྱི་འདུག དར་མ་ཚོའི་སྟོད་ཐུང་གི་པ་ཀི་ནང་བལྟས་ནའང་བི་རི་ཡི་ཆག་པ་མཐོང་ཡོང་གི་འདུག ངས་གཞིས་ཆགས་དེའི་མི་ཚོའི་བྱེད་སྟངས་དང་སྤྱོད་པ་ཁ་ཤས་ཁྱད་མཚར་གནང་གི་འདུག དཔེར་ན། དེང་སང་འཕྲོད་བསྟེན་དང་ཁོར་ཡུག་སྲུབ་སྐྱོབ་ཀྱི་ལས་འགུལ་ཡིན་ཟེར་ནས་ཚོང་ཁང་ཟ་ཁང་སོགས་སུ་འགྱིག་ཤོག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་མ་གཞི་བྱ་བ་བཟང་པོ་ཞིག་ཡིན་མོད་ཀྱང་། མིའི་ཀུན་སྤྱོད་སྲུང་སྐྱོབ་ཐད་སློབ་གསོ་དང་སྒྲིག་ཁྲིམས་བཟོ་མཁན་ཕལ་ཆེར་མི་འདུག་པས། འགྱིག་ཤོག་བཙང་མ་བཟོས་པའི་དམིགས་ཡུལ་ནི་མིག་ངོར་མཛེས་སོ་བྱས་པ་ལས་དོན་དངོས་ཁོར་ཡུག་སྲུང་སྐྱོབ་ཏུ་རེ་བ་ཨེ་ཡིན་སྙམ། སྤྱིར་བཏང་འགྱིག་ཤོག་གང་བྱུང་གཡུགས་པས་བ་ཕྱུགས་ཤི་བ་དང་ཞིང་ཁ་བཙོག་པ་ཆགས་སོགས་ཡོང་གི་ཡོད་ནའང་། དུག་རྫས་དང་ཐ་མག་ལ་དོ་དམ་མ་བྱས་ན་མི་ཤི་བ་དང་གཞིས་ཆགས་བཙོག་པ་ཆགས་ཡོང་གི་འདུག་གོ།

2010-03-07

བསྒྱུར་ཐལ་ཆེ་བ་མིན་ནམ་སྙམ།

དེང་སང་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་དམིགས་ནས་དབྱིན་རྒྱའི་ཚིག་མང་པོ་བོད་སྐད་ནང་གསར་གཏོད་བྱེད་བཞིན་པ་དེ་ཡར་འཐོན་དང་དགའ་འོས་པའི་གནས་སྟངས་ཤིག་ཡིན་ནའང་། སྤེན་ཁྱི་སྤེན་སྐད་ཀྱི་དཔེ་ལྟར་རིགས་འགྲེལ་གྱིས་ཕུང་གི་འདུག་པ་དཔེར་ན།

དེང་སང་ཡ་ཧོ་མེ་སེན་ཇར་yahoo messenger ལ་ཨེ་མ་ཕོ་ཉ་དང་ཊེ་ཝི་ཊར་twitter ལ་འཕྲུལ་སྒྲ་དང་ཧོཊ་མེལ་hotmail ལ་འཁོལ་འཕྲིན་ཟེར་བ་ལྟ་བུ་རེད། ཡ་ཧོ་དང་ཊེ་ཝི་ཊར་སོགས་ལ་ཨེ་མ་དང་འཕྲུལ་སྒྲ་ཟེར་མཁན་དེ་འདྲ་བཏགས་པ་དེས་མི་རིགས་དང་སྐད་ཡིག་ལ་ཕན་ཐོགས་བྱས་པ་མིན་པར་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལྐུགས་པ་བཟོས་པའི་བགྲངས་སུ་མི་འགྲོ་བའི་ངེས་པ་མེད། འཛམ་གླིང་སྤྱིའི་འགྲོ་སྟངས་དང་མི་མཐུན་པར་ཡ་ཧོ་ལ་ཨེ་མ་ཟེར་བ་དེ་འདྲ་ལབ་བསྡད་ན་ཕྱིས་སུ་བོད་མི་ཞིག་གིས་ཡ་ཧོ་བེད་སྤྱོད་གཏོང་གིན་གཏོང་གིན་ཕྱི་རྒྱལ་བ་ཞིག་གིས་ཡ་ཧོ་ཁ་བྱང་ཡོད་པས་ཟེར་ན་ཧང་སངས་ནས་"མེད། ངས་ཨེ་མ་བེད་སྤྱོད་བྱེད་ཀྱི་ཡོད་"ལབ་རྒྱུའི་ཉེན་ཁ་ཡང་ཡོད། ལར་ན་དབྱིན་ཡིག་གི་མིང་ཚིག་ཚང་མ་བོད་སྐད་དུ་བསྒྱུར་ཐུབ་ཀྱི་འདུག་བསམས་ནས་བསྒྱུར་བསྡད་པ་ཡིན་ན། རྗེས་མ་མིའི་མིང་ཊེ་གྷར་ཝུཌ་tiger wood ལ་སྟག་གི་ཤིང་ཟེར་བ་དང་། ཧོ་ལི་ཝུཌ་hollywoodལ་རྟག་སྔོན་གྱི་ཤིང་ཟེར་བ་དང་། ཕེ་རི་མན་freemanལ་རང་བཙན་མི་ཟེར་བ་ལྟ་བུ་དང་། ཀ་ཇོལ་kajol ལ་མིག་སྨན་ཟེར་བ་འདྲ་མ་ལབ་པའི་ངེས་པ་མི་འདུག་པས། རྗེས་མ་འཛམ་གླིང་ནང་གི་མིའི་མིང་དེ་ཚོ་ཡང་ཧ་མི་གོ་བ་ཆགས་ཡོང་ཉེན་མེད་པ་རེད་མི་འདུག

འོ་ན་སྔོན་མ་རྒྱ་གར་གྱི་པཎ་གྲུབ་ནཱ་ག་ཇུ་ན་ལ་མགོན་པོ་ཀླུ་གྲུབ་དང་ཨརྱ་དེ་བ་ལ་འཕགས་པ་ལྷ་ཞེས་པ་ལྟ་བུ་བསྒྱུར་འདུག་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་ནི་མཁས་པ་དེ་དག་བོད་ལ་གྲགས་ཆེ་ཞིང་། ལྷག་པར་དེ་དང་དེའི་གཞུང་བོད་དུ་ཚང་བར་བསྒྱུར་དགོས་པས་དང་། ཁྱད་པར་དུ་མཁས་པ་དེ་དག་ལ་བོད་རང་གི་མིང་རེ་བཏགས་ལ་ཡིད་ལ་འཐད་ཅིང་བློ་ཐག་ཉེ་བ་དང་། དད་པ་སྐྱེ་བདེ་བའི་ཆེད་དུ་ཡིན་ནམ་སྙམ། དེ་ལྟར་མ་ཡིན་ན། ན་ལེནྜ་དང་བྲི་ཀརྨ་ལ་ཤི་ལ་ཆོས་སྡེའི་མིང་དེ་ཚོ་ཡང་བོད་སྐད་དུ་བསྒྱུར་དགོས་པ་ལས་བསྒྱུར་ཡོད་ལུགས་མི་འདུག་པས་དཔྱད་པ་རེ་མཛོད།།