Showing posts with label བསྟོད་ཚོགས།. Show all posts
Showing posts with label བསྟོད་ཚོགས།. Show all posts

2011-11-12

༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་རྗེས་མདོ་ཙམ་བརྗོད་པ་ནོར་བུའི་ཕྲེང་བ།

༡༽ གསེར་ཁྲི་མངའ་སྲོལ། ༼༡༩༤༠༽

གྲུ་འཛིན་གཉིས་པའི་གཞལ་ཡས་ཁང་།།

པོ་ཏ་ལ་ཡི་ཚོམས་ཆེན་དུ།།

མི་འཇིགས་གདོང་ལྔས་སྟེགས་པའི་ཁྲིར།།

བསྟན་འཛིན་རྒྱ་མཚོ་བརྟན་པར་བཞུགས།།




དེ་ཚེ་རྒྱལ་ཚབ་རྭ་སྒྲེང་ཞེས།།

ཡོངས་སུ་གྲགས་དེས་སྐུ་གསུང་ཐུགས།།

རྟེན་དུ་མཎྜལ་བལྟར་ཕུལ་བས།།

རྟེན་འབྲེལ་སྒོ་འཕར་ཡངས་པོར་འབྱེད།།





ཚུལ་ལྡན་མང་དུ་ཐོས་པ་དང་།།

ཤེས་འཇོན་དཔལ་གྱིས་མཛེས་པ་ཡི།།

བླ་སྤྲུལ་གཞུང་ཞབས་དད་ལྡན་ཀུན།།

གང་དེ་མཇལ་ལ་རྣམ་པར་འཚང་།།




རྟ་བདུན་དབང་པོ་བཞེད་པ་ཡིས།།

འདབ་བརྒྱའི་ཚོགས་ཀུན་ཁ་འབྱེད་ལྟར།།

གང་དེ་གསེར་ཁྲིེར་མངའ་གསོལ་བས།།

ཁ་བའི་ལྗོངས་ཀུན་དགའ་སྟོན་འཕེལ།།




༢༽ ཆབ་སྲིད་ཀྱི་འགན་ཡོངས་སུ་བཞེད་པ། ༼༡༩༥༠༽

ཤར་ཕྱོགས་རྒྱ་དམར་ཀླ་ཀློའི་དཔུང་གིས་ཆབ་མདོ་བཙན་བཟུང་བྱས་པ་ན།།

སྲིད་སྐྱོང་བཀའ་ཤག་ལས་བྱེད་མཐའ་དག་འཇིགས་ཤིང་སྐྲག་ནས་རྩེ་གཅིག་ཏུ།།

གངས་ཅན་མགོན་པོར་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མཐའ་དག་ཕུལ་བ་ན།།

མགོན་པོ་གང་དེ་དགུང་ན་ཕྲ་ཡང་ཞུམ་པ་མེད་པར་དགྱེས་བཞེས་མཛད།།




རྣམ་དཔྱོད་བློ་ཡི་ཅོད་པཎ་འཆང་བའི་མཁས་པ་དག་ནི་སྨོས་ཅི་འཚལ།།

དམར་པོའི་ལྟ་བས་ཡོངས་སུ་བརླན་པའི་རྒྱ་དཔོན་མའོས་ཀྱང་གང་ཉིད་ཀྱིས།།

བོད་མིའི་ཆོས་སྲིད་ཡོངས་ཀྱི་མཛད་འགན་འཁོར་ལོ་ཕྱག་ཏུ་བསྣམས་པ་ལ།།

བཀྲ་ཤིས་སྨོན་ཚིག་རང་དབང་མེད་པར་ལྡི་ལིའི་གཞུང་ཚབ་བརྒྱུད་ནས་ཤོར།།




དེ་མ་ཐག་ལ་མགོན་པོ་གང་གིས་བྱམས་བརྩེའི་ལམ་དང་མི་འགལ་བར།།

ཆབ་མདོར་སླེབས་པའི་རྒྱ་དཔོན་དག་ལ་རྒྱ་བོད་མཛའ་འབྲེལ་བཀའ་འཕྲིན་གནང་།།

དེ་ནས་ད་བར་བྱམས་བརྩེ་ལམ་ནས་བོད་དོན་བདེན་མཐའ་བསལ་བ་ལ།།

རྟག་ཏུ་བརྩོན་པའི་སྙིང་རུས་དེ་ཡིས་སྲིད་ཞི་ཁེངས་པ་མཐའ་དག་བསྙིལ།།




༣༽ གྲོས་མཐུན་དོན་ཚན་བཅུ་བདུན། ༼༡༩༥༡ ནས ༡༩༥༩༽

རྒྱ་བོད་འབྲེལ་བའི་ཞི་མོལ་གྱི་ཟམ་པ་ན།།

དོན་ཚན་བཅུ་བདུན་ཕ་བོང་དག་བཙན་གྱིས་བཞག།

པེ་ཅིང་ཡུལ་དུ་དམ་ཕྲུག་ཀྱང་རྫུན་བཟོ་བྱས།།

དེ་འདྲའི་རྒྱ་ཡི་ངན་གཡོ་རྣམས་མཐོང་བ་ན།།




ཁ་བའི་ལྗོངས་ཀྱི་ཉམ་ཆུང་གི་བོད་མི་རྣམས།།

མ་བགྲོས་སེམས་མཐུན་པོ་ཏ་ལའི་མདུན་ཐང་དུ།།

དྲག་སྤྱོད་བརྡུང་བརྡེག་སྡུག་རྩུབ་ཀྱི་ལས་ལས་གཞན།།

ཁྲིམས་མཐུན་སྒེར་ལངས་ངོ་རྒོལ་གྱི་ལམ་བུར་ཞུགས།།




འོན་ཀྱང་རྒྱ་དམར་བཙན་པོ་ཡིས་བོད་དམངས་ལ།།

སྙིང་རྗེ་མེད་པར་དྲག་སྤྱོད་ཀྱིས་རྒོལ་བས་ན།།

རྒྱལ་དབང་འཁོར་བཅས་བཙན་བྱོལ་དུ་ཕེབས་ནས་ནི།།

དོན་ཚན་བཅུ་བདུན་བཙན་ཤད་དུ་གསལ་བར་བསྒྲགས།།




༤༽ རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་པ། ༼༡༩༥༤༽

ཉི་ཟླ་ཟུང་གཅིག་བོད་འབངས་བདེ་དོན་དུ།།

དགོངས་ཏེ་ཙི་ནའི་ཡུལ་དུ་དང་པོར་གཤེགས།།

འོན་ཀྱང་སྒྲ་གཅན་མའོ་ཡི་ཆོ་འཕྲུལ་ལས།།

བོད་འབངས་དོན་འབྲས་རེ་ཞིག་མོག་པོར་བྱས།།




༥༽ སྐྱབས་བཅོལ་དུ་ཕེབས་པ། ༼༡༩༥༩། ༣། ༡༧།༽

ཞི་བདེའི་འབྱུང་གནས་ཕོ་བྲང་པོ་ཏ་ལར།།

ཀླ་ཀློའི་དམང་གིས་རྒོལ་བར་བརྩམས་པ་ན།།

མ་འོངས་སྔོན་གཟིགས་གང་དེས་འཁོར་དང་བཅས།།

རང་དབང་འཕགས་པའི་ཡུལ་དུ་བྱོལ་བར་མཛད།།




མཁས་པའི་མཆོག་གྱུར་པཎ་ཆེན་ནེ་རུ་ཡིས།།

དགའ་མགུས་བསུ་ཞིང་ཐུགས་གསོའི་མཚམས་འདྲི་ཞུས།།

རྒྱ་གར་གྲོས་ཚོགས་འོག་མར་བོད་དམངས་ལ།།

མཛའ་བརྩེའི་མདུད་རྒྱ་བསྐྱིལ་བའི་དོན་གསུམ་གྲགས།།




མགོན་པོ་མཆོག་དེས་བོད་མིའི་ཤེས་ཡོན་ཆེད།།

མ་སུ་རི་སོགས་བོད་མིའི་གཞིས་སྒར་དུ།།

སློབ་གླིང་གསར་འཛུགས་བོད་ཕྲུག་ཁྲི་ཕྲག་ལ།།

ཤེས་ཡོན་ལོ་ཏོག་འདེབས་པའི་གོ་སྐལ་སྩལ།།




བོད་ཀྱི་ཐུན་མིན་རིག་གཞུང་གཞན་དག་དང་།།

མ་འདྲེས་ཚུགས་པོར་གནས་ཕྱིར་རྒྱ་གར་གཞུང་།།

དེ་བཞིན་མངའ་སྡེ་ཁག་གིས་མཐུན་འགྱུར་ལས།།

སྦེལ་ཀོབ་མོན་གྷོ་སོགས་སུ་གཞིས་ཆགས་ཚུགས།།




དེ་བཞིན་ཁ་བའི་ལྗོངས་ཀྱི་འཕགས་པའི་ནོར།།

བསླབ་པ་གསུམ་དང་སྡེ་སྣོད་གསུམ་གྱི་ཆོས།།

འཛིན་ཅིང་སྤེལ་ལ་རིས་མེད་དགེ་འདུན་སྡེ།།

མཁའ་ལ་སྐར་མའི་ཚོགས་ལྟར་རྣམ་པར་སྐྲུན།།




༦༽ གྲགས་ཅན་མི་སྣ་དང་མཇའ་འཕྲད།

ཞི་བའི་ལམ་ནས་མི་རིགས་བདེན་མཐའ།།

རྩོད་པའི་གྲགས་ཅན་མེན་ཌ་ལ་དང་།།

བྱམས་བརྩེའི་ཡུམ་ཆེན་ཊེ་རེ་ས་སོགས།།

སེམས་དཔའ་རྣམས་དང་ངོ་མཇལ་བསྐྱངས་ཤིང་།།




པཎ་ཆེན་ནེ་རུ་ཨ་རིའི་སྲིད་འཛིན།།

རིམ་བྱོན་རྣམས་དང་མཇར་མན་ཨིཊ་ལི།།

ཧྥ་རན་སི་ཡི་སྲིད་འཛིན་དག་དང་།།

ཁེ་ན་ཌ་ཡི་སྲིད་བློན་སོགས་ཀྱང་།།




ཁྱད་པར་ཨེ་ཇེབ་ཡི་ཤུ་ཧིན་དྷུ།།

ཁ་ཆེ་སོགས་ཀྱི་ཆོས་ལུགས་མི་སྣ།།

མཇལ་འཕྲད་བསྐྱངས་པས་མགོན་པོ་ཁྱེད་ནི།།

དམིགས་མེད་འགྲོ་བ་མཉམ་པར་བརྩེ་བ།།




དེས་ན་བསམ་སྦྱོར་ངན་པའི་གོང་བུ།།

མའོ་ཙེ་ཏུང་དངཏེང་ཞའོ་ཕེང་སོགས།།

ཉམ་ཐག་འགྲོ་བ་འདི་འདྲའི་རིགས་ལའང་།།

ཁྱེད་ཀྱིས་དབྱེར་མེད་བརྩེ་བས་གཟིགས་སོ།།




༧༽ བཙན་བྱོལ་བོད་གཞུང་བཙུགས་པ། ༼༡༩༦༠༽

ཤར་ཕྱོགས་རླུང་གིས་དེད་པའི་བདེན་པའི་བུ་ཆུང་།།

མི་འཇིགས་སྤོབས་པ་བརྟས་པས་ས་མཐའ་འདིར་ཡང་།།

འབྱུང་འགྱུར་ས་ཡ་དྲུག་གི་བདེ་དོན་བསམས་ནས།།

གདོང་དམར་བོད་མིའི་གཞུང་གི་རྩ་བ་བཙུགས་སོ།།




༨༽ ཞི་བའི་གྲོས་འཆར་དོན་ཚན་ལྔ། ༼༡༩༨༧༽

མཁྱེན་པའི་སྤྱན་ཡངས་མགོན་པོ་གང་གིས་བོད་ལྗོངས་རང་དབང་སླར་གསོའི་ཆེད།།

ཞི་བའི་གྲོས་མོལ་ལན་མང་མཛད་པར་རྒྱ་ནག་གཞུང་ནས་བོད་དོན་དེ།།

སྐུ་སྒེར་དོན་དུ་འཁྱོག་བཤད་བྱས་པས་གང་གི་ཐུགས་སྟོབས་ཆེར་བསྐྱེད་ནས།།

ཨ་མི་རི་ཀའི་གྲོས་ཚོགས་དབུས་སུ་དོན་ཚན་ལྔ་ཡི་གྲོས་འཆར་བསྒྲགས།།




ཁ་བའི་ལྗོངས་སུ་ཞི་བདེ་ལྷིང་འཇགས་༡རྒྱ་མི་འབོར་འདྲེན་མཚམས་འཇོག་དང་༢།།

བོད་མིར་དམངས་གཙོའི་རང་དབང་བརྩི་བཀུར་༣ཁོར་ཡུག་སྲུང་སྐྱོབ་རྡུལ་མཚོན་འགོག༤།

བོད་མིའི་མ་འོངས་གནས་བབ་དོན་དུ་ཞི་བའི་གྲོལ་མོལ་འགོ་འཛུགས་བཅས༥།།

བདེན་པ་ལྔ་ཡི་འོད་སྣང་འདི་ཡིས་རྒྱལ་ཁབ་མང་པོའི་གྲོས་འཆར་སྐྲུན།།




༩༽ ནོར་སྦེལ་ཞི་བདེའི་གཟེངས་རྟགས། ༼༡༩༨༩༽

རང་དོན་ཁྲག་གིས་མྱོས་པའི་འཛམ་བུ་གླིང་འདི་ན།།

རང་གཞན་མཐའ་དག་དགེ་བ་ཞི་བདེ་རུ་བསམས་ནས།།

རང་ཡུལ་བཙན་པོས་སྡུག་རྩུབ་དྲག་སྤྱོད་ཀྱིས་འཕྲོག་ཀྱང་།།

རང་དབང་འཐབ་རྩོད་ཞི་བ་འབའ་ཞིག་གིས་བརྩོན་པས།།




ཤེས་ལྡན་ཀུན་གྱིས་སྐྱབས་བཅོལ་མང་དག་ཞིག་མཆིས་ཀྱང་།།

ཤེས་རབ་མཆོག་གྱུར་དྲག་ལན་ཞི་བ་ཡིས་འཇལ་བའི།།

སྐྱེས་མཆོག་དེ་ནི་ཡིད་བཞིན་ནོར་བུ་རང་མཐོང་ནས།།

སྐྱེས་འགྲོ་རྣམས་ཀྱིས་ཞི་བའི་དེད་དཔོན་དུ་བཀུར་ཏོ།།




༡༠༽ གསེར་གྱི་གཟེངས་རྟགས། ༼༢༠༠༧༽

སྟོབས་འབྱོར་དྲག་པོའི་དཔུང་གིས་རབ་ཕྱུག་པའི།།

ཨ་མི་རི་ཀའི་ཤེས་ལྡན་གྲོས་པའི་ཚོགས།།

ཆེ་མཐོའི་ཞི་བའི་མི་སྣའི་གཟེངས་རྟགས་གསེར།།

བསྟན་འཛིན་རྒྱ་མཚོའི་ཕྱག་ཏུ་ཕུལ་བས་ཤིས།།




༡༡༽ ཆབ་སྲིད་ཀྱི་ཕྱག་ལས་ནས་བགྲོས་ཡོལ་བཞེས་པ། ༼༢༠༡༡༽

མ་འོངས་མདུན་ན་གཟིགས་པའི་སྤྱན་དཀྱུས་དེ་རིང་བས།།

རྒྱ་དམར་དཔུང་ལ་དོ་བའི་མང་གཙོ་ཡི་ལུགས་བཟང་།།

སྲ་བརྟན་རང་སྐྱ་འཕེར་བའི་གོམས་སྟབས་དེ་བསྒྱུར་ཕྱིར།།

གང་ཁྱེད་ཆབ་སྲིད་ཁྲི་ལས་ངལ་གསོ་ཡི་དབུགས་དབྱུང་།།




༡༢༽ མང་གཙོའི་ལམ་བཟང་སྐྲུན་པའི་བརྒྱུད་རིམ།

ད་ལྟའི་ཆར་ཨེ་ཇེབ་དང་ལེ་བྷི་ཡ་སོགས་ཀྱི་ནང་མི་མང་སྟོང་ཚོ་བརྒལ་བའི་མང་གཙོའི་ཆེད་དུ་རང་སྲོག་བློས་བཏང་གིས་འཐབ་རྩོད་ལ་ངལ་བ་རྟེན་བཞིན་ཡོད་ནའང་ཡུལ་གྲུ་དེ་དག་གིས་སྲིད་འཛིན་པ་དེ་དག་གིས་མི་མང་གི་སྟེང་དྲག་སྤྱོད་ཀྱིས་རང་གི་དབང་འཛིན་སྲུང་སྐྱོབ་བྱེད་པའི་ངང་ཚུལ་དེ་ལས་ལྡོག་ཏེ་༸གོང་ས་མཆོག་གིས་ནི་མི་མང་གིས་དབང་ཚད་ཡོངས་སུ་རྫོགས་པ་ཡར་འཕུལ་བཞིན་ཡོད་ནའང་མགོན་པོ་གང་གིས་དགོས་པ་ཆེར་གཟིགས་ཀྱིས་མང་གཙོ་རང་དབང་ཡོངས་སུ་རྫོགས་པ་མི་མང་ལ་མར་གསོལ་སྩོལ་མཛད་པ་ནི་ཟུར་གནས་རྣམས་ཀྱི་སྙིང་དབུས་སུ་མཛེས་ཤོས་མཛད་རྗེས་ཤིག་ཡིན་པས་དེའི་ཚུལ་ནི།

༡༩༥༩ ལོར་བོད་ས་ཡོངས་སུ་རྫོགས་པ་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ལས་༸གོང་ས་མཆོག་འཁོར་དང་བཅས་པ་བཙན་བྱོལ་དུ་ཕེབས་རྗེས།

༡༩༦༠ ལོར་མིང་མང་གི་སྤྱི་འཐུས་འདེམས་པའི་ལམ་སྲོལ་གསར་འཛུགས་སོགས་གནང་བ་དང་།

༡༩༦༣ ལོར་མང་གཙོ་ལམ་སྲོལ་གྱི་འགྲོ་ལུགས་དང་མཐུན་པའི་གཞུང་ཞབས་བཀོད་སྒྲིག་དང་རྩ་ཁྲིམས་རྒྱས་པ་ཞིག་ཀྱང་གསལ་བསྒྲགས་གནང་།

༡༩༧༠ ལོར་བོད་མི་གཞིས་ཆགས་ཆེ་ཆུང་ལ་དཔག་པའི་ཚོགས་ཞུགས་འཐུས་མིས་གཞུང་གི་ལས་དོན་ལ་ལྟ་སྐུལ་གྲོས་འདོན་བྱེད་པའི་ལམ་སྲོལ་གསར་འཛུགས་པ་དང་།

༡༩༩༠ ལོར་བཀའ་བློན་རྣམ་ཀྱང་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཚོས་ཐད་ཀར་འདེམས་རྒྱུ་དང་སྤྱི་འཐུས་ཀྱི་གྲངས་ཚད་ཀྱང་མང་དུ་བཏང་ཞིང་།

༡༩༩༢ ལོར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་ཕྱོགས་སྒྲིག་ཡོངས་གྲགས་བྱས་པ་དང་།

༢༠༠༠ ལོར་མི་མང་གིས་ཐད་ཀར་བཀའ་ཁྲི་འདེམས་རྒྱུ་དང་།

༢༠༡༡ ལོར་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལས་འགན་མཐའ་དག་མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲི་གནང་བའི་མང་གཙོ་མཛད་བཟང་གིས་ས་སྟེང་འོད་སྣང་གིས་ཁྱབ་པས། འཛམ་གླིང་ཡུལ་གྲུ་གང་སའི་དཔྱོད་ལྡན་གྱི་སྐྱེ་བོ་རྣམས་ཡིད་རབ་ཏུ་རངས་ནས་མགོན་པོ་གང་གི་མཛད་རྗེས་ལ་བསྟོད་བསྔགས་ཀྱི་རླབས་ཕྲེང་ལྷག་པར་གཡོ་བཞིན་མཆིས་ནའང་། མང་གཙོ་ལ་འཇིགས་ཤིང་འཇིགས་སྐུལ་གྱི་འཚོ་བའི་སྲིད་དབང་སྒེར་སྤྱོད་པ་རྒྱ་ནག་གཙོས་དམར་ཕྱོགས་པ་རྣམས་ནི་ངང་སྐྲག་གི་བ་ཀློང་རབ་ཏུ་འཁྲུགས་པ་ནི་ཉི་མའི་འོད་ཟེར་ལ་འབྱུང་པོའི་བྱ་རྣམས་སྡང་བ་བཞིན་དུ་ཤིན་ཏུ་ཉམ་ང་བའོ།།




སྐུ་ཡི་མཛད་རྗེས་བསམ་གྱིས་མི་ཁྱབ་པས།།

སྐུ་འདྲ་བཞིན་དུ་འབྲི་བར་ག་ལ་ནུས།།

སྐུ་ཡི་ཐུགས་དྲིན་དྲན་པར་བྱེད་པ་དང་།།

སྐུ་ཚེ་བརྟན་ཕྱིར་ཚིག་གི་སྦྱོར་འདི་བྱས།།




ཤཀྱའི་དགེ་སློང་བསྟན་འཛིན་ཕུན་ཚོགས་སམ། མིང་གཞན་ར་ས་ཕོ་ཉར་འབོད་པས།

2010-05-12

རྨད་བྱུང་མཛད་པ།

ཟབ་གསལ་ཡེ་ཤེས་སྤྱན་གྱི་མེ་ལོང་ཆེར།།
སྐྱེ་རྒུའི་སྡུག་བསྔལ་གཟུགས་བརྙན་ཡོངས་རྫོགས་པ།།
འཛམ་གླིང་འགྲོ་བའི་སྐྱབས་གཅིག་རྒྱལ་ཀུན་གྱི།།
ཐུགས་རྗེའི་རང་གཟུགས་ཕྱག་ན་པད་མོ་རྒྱལ།།

མི་ཕྱེད་དད་པའི་ཐལ་མོ་རབ་སྦྱར་ནས།།
ངུ་འབོད་ང་རོས་གསོལ་འདེབས་གངས་སྐྱེས་འགྲོར།།
མང་གཙོའི་ལུགས་བཟང་ངལ་མེད་བདེ་བླག་ཏུ།།
ཡིད་བཞིན་བྱིན་པར་མཛད་པ་རྨད་དུ་བྱུང༌།།

རང་དོན་ཡལ་བར་དོར་ནས་གཞན་གྱི་དོན།།
གཅེས་པར་འཛིན་པའི་བརྩེ་ཆེན་ཐུགས་རྗེ་ཡིས།།
མི་བཟོད་རྒྱ་བོད་སྐྱེ་བོའི་བདེ་དོན་དུ།།
དབུ་མའི་ལམ་སྟོན་མཛད་པ་རྨད་དུ་བྱུང༌།།

ཁྱད་པར་ཆོས་མེད་བདུད་རྒྱལ་སྙིགས་དུས་འདིར།།
མཐའ་ཀླས་འཛམ་གླིང་གོ་ལའི་མཁའ་དབྱིངས་སུ།།
འཚེ་མེད་གྲགས་པའི་ཆུ་འཛིན་རབ་བརྟས་ནས།།
ཞི་བདེའི་དེད་དཔོན་མཛད་པ་རྨད་དུ་བྱུང༌།།

གཞིས་བྱེས་བདེ་དང་ཆོས་དད་རང་མོས་ཀྱི།།
ཉིན་བྱེད་ཟ་པོ་སྨོན་ལོག་མུན་པ་ཅན།།
ལུང་རིགས་སྣང་བས་ངོ་གདོང་སྐྱེངས་བྱེད་དེ།།
ཆོས་ལུགས་རིས་མེད་མཛད་པ་རྨད་དུ་བྱུང༌།།

གང་དག་གང་གི་རྨད་བྱུང་མཛད་རྗེས་ཀུན།།
ཐ་མའི་ཐ་ཤལ་བདག་ལྟས་བསྙད་བསམས་ཀྱང༌།།
མཁའ་ལ་མཁའ་མཐའ་བཞིན་དུ་བརྗོད་ཀླས་ཕྱིར།།
མཛད་པའི་མཛད་ཟུར་ཙམ་ཞིག་བྲིས་པ་ལགས།།
༢༠༠༡ ཟླ་བ་༢ ཚེས་༤ཉིན།
ནོར་ལྡེ་ཚགས་པར་སྟེང་བཀོད་ཟིན།

ངེས་དོན་བསྟོད་པ།

གང་དག་སྲིད་པའི་བཙོན་རར་བསྡམས་པ་ཡི།།
མ་ལུས་འགྲོ་བའི་སྐྱབས་གཅིག་བཅོམ་ལྡན་མ།།
བརྩེ་ཉིད་རྫོགས་བྱང་གོ་འཕང་དམ་པ་ཡི།།
ཕུན་ཚོགས་རྒྱུ་ཡི་ཐོག་མ་དེ་ལ་འདུད།།


གང་ཞིག་འཛམ་གླིང་ཧྲིལ་པོ་རྡུལ་ཕྲན་དུ།།
བརླག་ཉེན་སྙིགས་མ་ལྔ་ཡིས་བདོ་བའི་དུས།།
ཉམ་ཐག་ལུས་ཅན་ཀུན་གྱི་མགོན་གཅིག་པུར།།
བྱོན་མཛད་སྙིང་རྗེའི་རང་གཟུགས་གང་དེར་བསྟོད།།


འཇིག་རྟེན་འདི་ན་འཁྲུག་རྩོད་མུ་གེ་ནད།།
མི་འདོད་རྒུད་རྒུ་ཆར་ལྟར་འབྱུང་བའི་གཞི།།
བྱམས་དང་སྙིང་རྗེ་གོམས་པ་མེད་ཉིད་དུ།།
འདི་ན་ཁྱོད་མིན་སུ་ཡིས་རབ་ཏུ་གསུངས།།


དེ་ཕྱིར་འཇིག་རྟེན་མིག་གཅིག་ཁྱོད་ཉིད་ནི།།
རང་སེམས་གོ་ལའི་ངོས་ལ་ཞི་བདེའི་དཔལ།།
དྲོད་སྣང་ཡོད་རྒུ་བྱིན་པའི་མགོན་མཆོག་ཏུ།།
གཟུར་གནས་དཔྱོད་ལྡན་སུ་ཡིས་བཀུར་མི་འགྱུར།།


གངས་རིའི་ལྗོངས་འདིར་པད་དཀར་འཆང་བའི་སྤྲུལ།།
སྲོང་བཙན་སྒམ་པོ་གེ་སར་རྒྱལ་ལ་སོགས།།
ཐུགས་རྗེའི་བདག་ཉིད་རྣམས་ཀྱང་དྲག་ཤུགས་ཀྱིས།།
བྱ་བས་འགྲོ་དོན་མཛད་པར་གྲགས་གྱུར་ནའང༌།།


ཁྱོད་ནི་རང་གི་རྒྱལ་འབངས་ལོངས་སྤྱོད་སོགས།།
མི་བཟད་བཙན་གྱིས་འཕྲོག་པའི་བརླང་སྤྱོད་ཀྱི།།
རྣམ་དཔྱོད་བློ་ཡི་མིག་ལྡོངས་དག་ལ་ཡང།།
ཆེ་ཆེར་གཅེས་པ་འཛིན་པས་ཤིན་ཏུ་རྨད།།


ལོག་པའི་ཡིད་ཅན་གང་གིས་ཁྱོད་ཉིད་ལ།།
སྨོད་གཤེ་མཚང་འབྲུ་སྡིགས་པ་ཅི་བྱས་ཀྱང༌།།
ཆ་རྫོགས་རྟ་བདུན་དབང་པོའི་དཀྱིལ་འཁོར་ལ།།
རབ་གླེན་རྔོན་པས་འཕངས་པའི་ཉག་ཕྲན་བཞིན།།


ཀྱེ་མ་ཁྱོད་ཀྱི་ཚངས་པའི་དབྱངས་ཀྱིས་ནི།།
རང་རྒྱུད་ཇི་ལྟར་མྱོང་བའི་སྟོབས་ཉིད་ལས།།
འཚེ་མེད་བྱམས་བརྩེའི་ངོ་བོ་ཕན་ཡོན་བཅས།།
གང་གསུངས་དེ་ཀུན་སུ་ཡིས་ཐོས་གྱུར་པ།།


དེ་ཡི་ཞེ་ལྡང་རྒོད་ཁའི་མེ་ཕུང་ཆེ།།
ཐམས་ཅད་དབྱིངས་སུ་ངང་གྱིས་ཞི་འགྱུར་ཞིང༌།།
བླ་མེད་དགེ་ཚོགས་ཀུན་གྱི་རྩ་བ་མཆོག།
སྙིང་རྗེའི་ས་བོན་བསྐྲུན་པ་དེ་ཡི་ཕྱིར།།


ཐུན་དྲུག་ཤ་ཁྲག་རུས་པར་རྔམ་པ་ཡི།།
དམུ་རྒོད་འཇིགས་རུང་མི་བསྲུན་གང་དག་ཀྱང༌།།
ཁྱོད་ཀྱི་ཞབས་དཀར་ཟུང་གི་པད་མོའི་འོག།
ཕྲ་རབ་རྡུལ་ཀྱང་མཆོད་པར་ཅིས་མི་འགྱུར།།


ཨེ་མ་གོ་ལའི་ཁྱོན་འདིར་མདོ་སྔགས་ཀྱི།།
ཡོངས་རྫོགས་རྒྱལ་བསྟན་འཕྱོ་བའི་ཆུ་གཏེར་ཆེ།།
ཁ་བ་ཅན་ཞེས་བྱ་བར་མགོན་ཁྱོད་ཀྱི།།
སྐྱེ་རབས་དུ་མས་རྗེས་སུ་བཟུང་གྱུར་ཅིང༌།།


ལྷག་པར་བསྟན་འགྲོའི་ཆགས་འཇིག་ངེས་དཀའ་བའི།།
ཉག་ཕྲའི་དུས་འདིར་དཀའ་བ་འབུམ་ཕྲག་གིས།།
ལྷོད་པ་མེད་པར་འཛིན་ཅིང་སྐྱོང་བ་ཡིས།།
གང་ཁྱོད་པད་དཀར་འཛིན་པ་དངོས་མིན་ཅི།།


གང་དག་དམ་པའི་ཆོས་ཀྱི་མིང་ཙམ་ཡང༌།།
རྣ་བས་མ་ཐོས་ལྟེ་ཁྲག་གངས་རིའི་སུལ།།
འཕོ་བར་བསྐལ་བས་མགོན་པོ་གང་ཉིད་ལ།།
ཤིན་ཏུ་ལྡང་ཡང་དེ་ལ་མཚར་དུ་ཅི།།


མ་བསྐུལ་གང་གི་ཞབས་རྡུལ་སྤྱི་བོས་ལེན།།
ཟབ་རྒྱས་དམ་ཆོས་འདུད་རྩིའི་རོ་མྱངས་པའི།།
གངས་སྐྱེས་གང་གིས་ཅུང་ཟད་ཞེ་འགྲས་པ།།
དེ་ལས་ངོ་མཚར་གྱུར་པ་གཞན་ཅི་ཞིག།


འོན་ཏང་རྒྱ་དམར་ཀླ་ཀློའི་མཆེ་སྡེར་དབར།།
སྲོག་གི་མྱུ་གུ་འཚོ་བའི་བོད་དམངས་རྣམས།།
རྐང་གི་ཁོང་ནས་ཁྱོད་ལ་སྐྱབས་མཆིས་པ།།
འོ་སྐོལ་གངས་ཅན་བོད་པའི་གཟི་བརྗིད་སྙམ།།


ཀྱེ་ཧུད་མ་རིག་མུན་པས་མིག་ཀུན་སྒྲིབ།།
དགྲ་གཉེན་ཆགས་ལྡང་དྲག་པོའི་འཐེན་ཁྱེར་བར།།
རང་དོན་ཡིད་བྱེད་བསམ་པའི་འདམ་རྫིང་དུ།།
མ་ལུས་བྱིངས་པ་བདག་ཀྱང་རིང་མོ་ནས།།


མཁྱེན་པའི་སྤྲིན་གྱིས་འཁྲིགས་པའི་ཆོས་སྐུའི་མཁར།།
བྱམས་བརྩེ་བྱ་དཀར་རྩེན་པའི་ཁྲི་སྟེང་ནས།།
ཡོད་དོ་འགྲོ་བའི་བདེ་སྡུག་གཟིགས་མཛད་པ།།
ཞི་བདེའི་དེད་དཔོན་ཁྱེད་ལ་སྐྱབས་འགྲོ་ཡང༌།།


ཡང་དག་རྟེན་འབྱུང་ལྟ་བ་མ་གོ་ཞིང༌།།
ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་མ་བརླན།།
ཐ་ན་མཆོག་གསུམ་དད་པའི་སྐྱབས་འགྲོ་ཡང༌།།
རྩ་བརྟན་བཅོས་མིན་ཞིག་ཀྱང་མེད་པ་སྐྱོ།།


འོན་ཏེ་མཆི་བདག་ཆུ་སྲིན་འབྱུང་གནས་སུ།།
དལ་མེད་རྒྱུ་བའི་ཚེ་སྲོག་གང་གཱའི་རྒྱུན།།
ཇི་སྲིད་གནས་པ་དེ་སྲིད་མགོན་ཁྱོད་ལ།།
བློ་སེམས་ཕྱོགས་པ་དེ་ཡང་ཡིད་རང་གནས།།


ཕྲར་འཇུག་འཆི་མེད་ལམ་དུ་མཚན་མོའི་མགོན།།
ཉིན་མོར་ཚ་ཟེར་ཨེཀ་ཛ་ཏིར་མིག།
དེ་བཞིན་རྒྱལ་བར་ཏོག་བཞིན་གངས་ཁྲོད་འདིར།།
ཇི་སྙེད་འགྲོ་ལ་མགོན་སྐྱབས་ཁྱོད་གཅིག་ཉིད།།


དེ་ཕྱིར་ཀུན་ཏུ་ཁྱོད་སྐུ་ཉིན་བྱེད་དབང༌།།
སྤྱི་སྒོས་གངས་ལྗོངས་བསྟན་འགྲོའི་མགོན་ཉིད་དུ།།
མི་ཉམས་བསྐལ་བརྒྱའི་བར་དུ་རབ་ཞུགས་པར།།
མི་སྨོན་གངས་ཕྲུག་དངོས་གནས་གང་ན་མཆིས།།


བདག་ཀྱང་གདུང་ཤུགས་དྲག་པོའི་རླབས་ཀྱིས་ནི།།
ལག་པའི་ཆུ་སྐྱེས་སྙིང་ཁའི་ཐད་ལ་ཟུམ་བཞིན།།
མགོན་ཁྱོད་མི་གཤིགས་ཞབས་པད་རྟོག་བརྟན་པར།།
མི་ཕྱེད་སྙིང་ནས་གསོལ་འདེབས་གྲངས་མེད་ཞུ།།


དེ་ལྟར་བསྟོད་པའི་ངག་གི་ཕྲེང་བ་འདིར།།
ཚིག་དོན་གཉིས་ནས་གོལ་ས་མང་ན་ཡང༌།།
འཕྱུག་པ་མེད་པའི་ལྷག་བསམ་སྨྱུག་རྩེ་ནས།།
གངས་ཕྲུག་བསྟན་ཕུན་དཔལ་གྱིས་བྲིས་པ་དགེ།


བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་རྟ་ཡི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཞིའི་ཉིན་མཁས་མང་བློ་གསལ་བྱེ་བའི་གླིང་གི་ཆོས་གྲྭ་པ་དགེ་སྦྱོང་བསྟན་ཕུན་དཔལ་གྱིས་སྟོན་པ་བཅོམ་ལྡན་འདས་འཚང་རྒྱ་བའི་གནས་སུ་གྲགས་པ་རྒྱ་གར་རྡོ་རྗེ་གདན་དུ་བྲིས་པ་དགེ་ཅིག་གུ།།