Showing posts with label ནང་ཆོས།. Show all posts
Showing posts with label ནང་ཆོས།. Show all posts

2011-06-15

ཆོས་ཉན་པའི་ཚུལ།

༡༽ ཆོས་ཉན་པ་ལ་དང་པོ་ཆོས་ཐོས་པའི་ཕན་ཡོན་བསམ་དགོས་པས་ཆོས་ཉན་པའི་ཕན་ཡོན་ནི།
རང་གིས་མི་ཤེས་པ་དེ་ནོར་འཁྲུལ་ཚང་མ་འབྱུང་ས་ཡིན་པར་ཐོས་པ་ལས་ཤེས་ཏེ། མི་ཤེས་པ་ལས་ལས་བཟང་ངན་འབྱུང་བ་དང་། མི་ཤེས་པ་དེ་མེད་པ་ཆགས་པ་ན་འཁོར་བ་ལས་ཐར་བ་སོགས་ཐོས་པ་ལས་ཤེས་པའི་ཕྱིར། དེ་ལྟར་ཤེས་པ་ལ་བརྟེན་ནས་སྡིག་པ་མ་བསགས་པ་དང་དགེ་བ་གྲུབ་སོགས་བྱེད་པ་འབྱུང་སྟེ། ཐོས་པའི་ཚོམས་ལས།
ཐོས་པས་ཆོས་རྣམས་ཤེས་པར་འགྱུར།།
ཐོས་པས་སྡིག་ལས་ལྡོག་པར་བྱེད།། ཅེས་གསུངས། དེ་བཞིན་དུ་སྐྱེ་རབས་སོ་གཅིག་པ་ལས་ཀྱང་། ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར།།
རང་གི་ཤས་ཀྱང་དེ་ནི་ཉོ་བར་རིགས།། ཞེས་ཐོས་པ་ལ་བརྟེན་ནས་དཀོན་མཆོག་གི་ཡོན་ཏན་དང་བདེན་བཞིའི་གནས་ལུགས་སོགས་ཤེས་པ་སྟེ། ཐོས་པ་ལས་བླང་བྱ་དང་དོར་བྱ་གང་ཡིན་ལེགས་པར་ཤེས་པས་མི་ཤེས་པ་གཏི་མུག་བྱ་བའི་ཉོན་མོངས་མེད་པར་འགྱུར་བར་སོང་། རང་གི་ལུས་ཀྱི་ཤ་བཅད་ནས་གཞན་ལ་བཙོང་པས་ཀྱང་ཐོས་པ་ཉོ་བར་རིགས་པར་གསུངས་པ་དང་།
ཡང་ཐོས་པ་ནི། མི་ཤེས་པའི་མུན་པ་སེལ་བའི་སྒྲོན་མེ་དང་། རྐུ་མས་ཁྱེར་བར་མི་ནུས་པའི་ནོར་དང་། རྨོངས་པའི་དགྲ་འཇོམས་པའི་མཚན་ཆ་དང་། རང་ལ་ཕན་པ་སྒྲུབ་པའི་མན་ངག་སྟོན་པའི་ཆོས་གྲོགས་དང་། འགྱུར་བ་མེད་པའི་མཛའ་བོ་དང་། གནོད་པ་མེད་པའི་སྨན་དང་། དཔལ་དང་གྲགས་པའི་གཏེར་དང་། ཡ་རབས་རྣམས་ཐུག་དུས་སྐྱེས་ཀྱི་མཆོག་ཏེ་རྔན་པ་ཡག་ཤོས་ལྟ་བུ་ཡིན་པར་ཡང་གསུངས།
གཞན་ཡང་། ང་ཚོས་འཇིག་རྟེན་འདི་ན་དཀོན་པར་རྩིས་པའི་རྡོ་རྗེ་ཕ་ལམ་སོགས་རིན་པོ་ཆེ་གང་དག་ལས་ཀྱང་སངས་རྒྱས་ཀྱི་གསུང་རབ་ཐོས་པ་ནི་ཆེས་དཀོན་པ་ཡིན་ཏེ། སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན་པས་དེའི་གསུང་རབ་དཀོན་པ་ཉིད་ཡིན་པའི་ཕྱིར། དེས་ན། ད་ལྟ་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལོ་ཉིས་སྟོང་ལྷག་ལས་སོང་མེད་དུས་འདིར་སངས་རྒྱས་ཀྱི་གསུང་ལ་ཐོས་པ་མ་བྱས་ན། དེའི་རྗེས་ཀྱི་སངས་རྒྱས་འབྱུང་བར་ལོ་གྲངས་བགྲངས་ལས་འདས་ཅིང་། དེའི་ཚེ་ཡང་སོ་སོ་རང་ཉིད་མི་ལུས་ཐོབ་པའི་འདེང་ཚོད་གང་ཡང་མེད་ལ། ཅི་སྟེ་མིར་སྐྱེ་བའི་དབང་དུ་བྱས་ཀྱང་སངས་རྒྱས་གང་ན་འབྱུང་བའི་ཡུལ་དེར་སྐྱེ་བར་མ་ངེས་པས་ད་ལྟ་ལྟ་བུའི་གོ་སྐབས་དེ་འདྲ་ཤིན་ཏུ་རྙེད་པར་དཀའ་བ་བསམ་མོ།།

༢ དེ་ལྟ་ཆོས་ཉན་པའི་ཕན་ཡོན་བསམ་པའི་རྗེས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཇི་ལྟར་བྱ་བ་ནི།

དེ་ཡང་ཆོས་སྨྲ་བ་ལ་གུས་པའི་སྒོ་ནས་ཆོས་ཉན་པ་དགོས་ཀྱི། དེ་ལ་འཕྱ་ལེ་བྱེད་པ་སོགས་ཀྱིས་ཆོས་ཉན་མི་རུང་བ་ཡིན། དེ་བཞིན་དུ་ཆོས་ཉན་པའི་དུས་ཀྱང་ཆོས་སྟོན་པ་པོ་ཐུགས་བདེ་བ་དང་། བྲེལ་བ་མེད་པའི་དུས་སུ་ཉན་པ་དང་། ཆོས་སྟོན་པ་པོ་ལ་ཕྱག་འཚལ་བ་སོགས་ཀྱི་བཀུར་སྟི་བྱེད་པ་དང་། ཀླན་ཀ་མི་ཚོལ་བ་དང་། ཆོས་དེ་དེ་འདྲ་ཙམ་ཞིག་རེད་སྙམ་པ་དང་ཆོས་སྟོན་པ་པོ་དེར་ཧ་ལས་རྒྱུ་ཅང་མེད་ལྟ་བུ་ཁྱད་གསོད་མི་བྱེད་པ་དང་། དེ་བཞིན་དུ་ཆོས་སྟོན་པ་པོ་དེ་ཚུལ་ཁྲིམས་ཉམས་པ་དང་། རིགས་དམའ་བ་དང་། མདོག་ཉེས་པ་ཡིན་པས་བདག་གིས་དེ་ལས་མི་ཉན་ནོ་སྙམ་པ་དོར་བ་དགོས།
ས་ཡི་སྙིང་པོའི་མདོ་ལས།
གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི།།
དེ་ལ་འཕྱ་ཞིང་སྐུར་བར་མི་བྱའོ།། ཞེས་སོགས་དང་།
སྐྱེ་རབས་ལས་ཀྱང་།
ནད་པས་སྨན་པའི་ཚིག་ཉན་བཞིན།།
རིམ་གྲོ་བསྐྱེད་དེ་ཆོས་ཉན་ཅིག། ཞེས་གསུངས།

༣ དངོས་གཞི་ཆོས་ཇི་ལྟར་ཉན་པའི་ཚུལ་ནི།
སྤྱིར་ཆོས་ཉན་པ་ལ་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་དང་། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་པ་དགོས་པས། དང་པོ་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ནི།
༡ སོ་སོ་རང་ཉིད་ཆོས་ཉན་སར་བསྡད་ཀྱང་སྣོད་ཆས་ཁ་སྦུབ་པ་ནང་བཞིན་ཆོས་ཨམ་ཆོག་གིས་ཡག་པོ་མ་ཉན་པ་དེ་འདྲ་མི་བྱེད་པ་དང་།
༢ རང་ཉིད་ཀྱིས་ཡག་པོ་ཉན་ཀྱང་སྣོད་ཆས་བཙོག་པ་ནང་བཞིན་རང་ཉིད་མཁས་འདོད་དང་། ཆོས་དང་ཆོས་སྨྲ་བ་ལ་དགག་པ་སོགས་བྱེད་དགོས་སྙམ་པ་ལྟ་བུ་བསམ་བློ་ལ་སྐྱོན་ཞུགས་པ་དེ་འདྲ་མི་བྱེད་པ།
༣ གོང་གི་སྐྱོན་གཉིས་ཀ་མེད་ཀྱང་སྣོད་ཆས་རྐུབ་རྡོལ་བ་ནང་བཞིན་ཆོས་ཉན་ཚར་བ་དང་ཡང་ཡང་མ་བསམ་པར་སྣང་མེད་དུ་བརྗེད་དུ་འཇུག་པར་མི་བྱེད་པའོ།།
མཐུན་རྐྱེན་འདུ་ཤེས་དྲུག་ནི། (འདུ་ཤེས་ཟེར་ན་དེ་དེའོ་སྙམ་པའི་བསམ་བློ་ཡིན)
༡ རང་ཉིད་འདོད་ཆགས་དང་ཁོང་ཁྲོ་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བའི་ནད་པ་ཡིན་པའི་འདུ་ཤེས་བསྟེན་པ་དང་།
༢ རང་ཉིད་ཀྱི་ནད་གཞི་དྲག་པོ་དེ་སེལ་བར་བྱེད་མཁན་ཆོས་སྟོན་པ་པོ་ལ་སྨན་པའི་འདུ་ཤེས་བསྟེན་པ་དང་།
༣ ནད་དེ་དངོས་སུ་མེད་པ་བཟོ་བྱེད་དེས་སྟོན་པའི་ཆོས་ལ་སྨན་གྱི་འདུ་ཤེས་བསྟེན་པ་དང་།
༤ དེས་ཇི་ལྟར་བསྟན་པ་ཉམས་སུ་བླང་བ་ནད་གསོ་བར་བྱེད་པ་དང་འདྲ་བས་ནད་འཚོ་བའི་འདུ་ཤེས་བསྟེན་པ་དང་།
༥ དེ་བཞིན་གཤེགས་པ་སངས་རྒྱས་རྣམས་ལ་སྐྱེས་བུ་དམ་པའི་འདུ་ཤེས་བསྟེན་པ་དང་།
༦ ཆོས་འདི་ལྟ་བུ་ཉན་པ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རྒྱུན་རིང་དུ་གནས་ན་ཅི་མི་རུང་སྙམ་པའི་འདུ་ཤེས་བསྟེན་པ་དགོས་སོ།།

ལྷག་པར་ཆོས་ཉན་པའི་དུས་སུ་རང་གི་རྒྱུད་ལ་མ་སྦྱར་བར་སྔོན་འདས་པའི་དུས་ཀྱི་མི་ལ་ལ་ཞིག་གི་ལོ་རྒྱུས་ཉན་པ་ལྟ་བུ་མ་བྱས་པར། ཆོས་དེ་ཉིད་མེ་ལོང་གི་ཤེལ་རྐོ་འདྲ་པོར་བསམ་བློ་བཏང་ནས་རང་གི་སེམས་རྒྱུད་ཀྱི་སྐྱོན་དེ་ཚོ་ཆོས་ཀྱི་མེ་ལོང་ནང་ནས་མཐོང་བར་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་པའི་སྐྱོན་རྣམས་བསལ་དགོས་པ་ཡིན།
མདོར་ན། ཆོས་ཉན་པའི་ཚེ་ངས་ལྷ་དང་མི་བཅས་པའི་སེམས་ཅན་ཚང་མའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དགོས། དེ་ལྟར་བྱེད་པ་ལ་དེའི་ཐབས་ཤེས་ཀྱི་རྒྱུ་གང་ཡིན་ཧ་གོ་དགོས། དེ་ཧ་གོ་ལ་ཆོས་ཉན་དགོས་པ་ཡིན་ཙང་ཆོས་ལེགས་པར་ཉན་པར་བྱའོ་བསམས་ནས་ཆོས་ཉན་དགོས་པ་ཡིན།

ར་ས་བསྟན་ཕུན་དཔལ་གྱིས་སྤྱི་༢༠༡༡ ས་ག་ཟླ་བའི་ཚེས་༡༥ ཉིན་བྱེས་ཀྱི་འབྲས་སྤུངས་དགོན་གྱི་རང་ཤག་ནས་བྲིས།
ས་

2010-05-14

སྐྱབས་འགྲོའི་བསླབ་བྱ་དང༌། ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ།

དང་པོ་སྐྱབས་འགྲོའི་བསླབ་བྱ་ལ། སོ་སོའི་བསླབ་བྱ་དང་ཐུན་མོང་གི་བསླབ་བྱ་གཉིས་ཡོད་པ་ལས།

༡༽སྐྱབས་གསུམ་སོ་སོའི་བསླབ་བྱ་ལ་དཀོན་མཆོག་གསུམ་སོ་སོ་ལ་སྐྱབས་སུ་འགྲོ་བས་བསླབ་བྱ་གསུམ་ལས།

༡ སངས་རྒྱས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་དང་རྒྱལ་བཙན་ཀླུ་ལ་སོགས་པར་སྐྱབས་སུ་འགྲོ་བར་མི་བྱེད་པ་དང༌། སྒྲུབ་ཕྱོགས་ནས་སངས་རྒྱས་ཀྱི་སྐུ་གཟུགས་འདམ་བག་དང་ཤིང་དང་རྡོ་སོགས་གང་ཞིག་ལས་བྱས་པ་དང༌། བཟོ་ལྟ་ངན་པ་ལྟ་བུ་དང་ཆག་ཧྲུལ་དུ་གྱུར་པ་ལྟ་བུ་ཅི་འདྲ་ཞིག་ཡིན་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་སམ་ཆ་འཇོག་བྱེད་དགོས་པ་ཡིན།

༢ ཆོས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་སྟེ། སྲོག་ལྡན་གང་ཞིག་ལ་སྲོག་གཅོད་པ་དང་བརྡུང་བརྡེག་བྱེད་པ་བལྟ་ཞོག ཐ་ན་བོང་བུར་འཁེལ་ལྕི་མོ་འགེལ་བ་ཚུན་བྱ་མི་རུང་བ་དང༌། སྒྲུབ་ཕྱོགས་ནས་བྱུང་ན་ཆོས་ཀྱི་ཡི་གེ་ན་གཅིག་དང་མ་བྱུང་ན་ཆོས་ཚིག་བཞི་ཡན་ཆད་ལའང་ཆོས་དཀོན་མཆོག་དངོས་ལྟར་གུས་པ་བྱ་དགོས་པ་སྟེ། ཆོས་ཚིག་བཞི་ཡན་ཡོད་པ་ས་མཐིལ་དུ་འཇོག་པ་དང་མི་གཙང་སར་འཇོག་པ་དང༌། ལྷམ་སོགས་དང་ལྷན་དུ་འཇོག་པའམ་འཁུར་བ་དང་ལུས་ཀྱིས་འགོམ་ཡུག་རྒྱག་པ་སོགས་མ་གུས་པ་སྤང་པར་བྱེད་པའོ།།

༣ དགེ་འདུན་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་གྲོགས་མུ་སྟེགས་པ་དང་མི་འགྲོགས་པ་སྟེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་མེད་ཅིང་སྐུར་འདེབས་བྱེད་པ་དེ་དག་དང་འགྲོགས་པར་མི་བྱེད་ལ། སྒྲུབ་ཕྱོགས་ནས་དགེ་འདུན་ནམ་རབ་བྱུང་གི་གོས་གྱོན་པའི་རྟགས་ཙམ་འཛིན་པ་ལའང་མི་གུས་པ་མི་བྱ་ཞིང༌། དགེ་འདུན་པའི་ན་བཟའ་དམར་སེར་ཙམ་ས་ལ་ལྷུང་བ་ལའང་གུས་པར་བྱས་ནས་ས་གཙང་སར་སྐྱེལ་བ་སོགས་བྱེད་དགོས་པའོ།།

༢༽ཐུན་མོང་གི་བསླབ་བྱ་ནི། ༡ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་ཡང་སྐྱབས་སུ་འགྲོ་བ་དང༌། ༢ དཀའ་དྲིན་དྲན་པའི་སྒོ་ནས་ཁ་ལག་དང་ཇ་སོགས་ཀྱི་ཕུད་ཀྱིས་མཆོད་པ་འབུལ་བ་དང༌། ༣ གཞན་ལ་དཀོན་མཆོག་གི་ཡོན་ཏན་བརྗོད་པ་སོགས་ཀྱིས་སྐྱབས་འགྲོ་ལ་འགོད་པ་དང༌། ༤ སྐྱབས་འགྲོའི་ཕན་ཡོན་དྲན་པའི་སྒོ་ནས་ཉིན་མཚན་ལན་དྲུག་ཏུ་སྐྱབས་འགྲོ་བྱེད་པ་དང༌། ༥ བྱ་བ་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ་དང༌། ༦ ཐ་ན་བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། དེ་ཡང་སྲོག་གི་དོན་དུ་སྐྱབས་འགྲོ་མི་གཏོང་བ་མ་ཚད། ཕན་ཚུན་གད་མོ་སློང་དུས་ཀྱང་སྐྱབས་འགྲོ་མི་གཏོང་བ་སྟེ། མནའ་སྐྱེལ་བ་ཚུན་དུའང་དཀོན་མཆོག་མི་གཏོང་བར་བྱེད་པའོ།།

གཉིས་པ་ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ་ནི།

༡ སངས་རྒྱས་དཀོན་མཆོག་ནི། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྐབས་གནས་མཐར་ཐུག་སྟེ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་བདག་ཅག་གི་སྟོན་པ་ལྟ་བུ་ཡིན།

༢ ཆོས་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་པའི་རྒྱུད་ཀྱི་ཡོན་ཏན་ཏེ། དེ་ཡང་འཕགས་པའི་གང་ཟག་གི་རྒྱུད་ཀྱི་ཉོན་མོངས་སོགས་སྤང་བྱ་སྤངས་པའི་བྲལ་བའམ་ཡོན་ཏན་དེ་འགོག་བདེན་དང༌། ཉོན་མོངས་སོགས་སྤང་བྱ་དེ་དག་སྤོང་བྱེད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུའི་མཁྱེན་པའི་ཡོན་ཏན་དེ་ལམ་བདེན་ཡིན། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་སངས་རྒྱས་ཀྱི་གསུང་རྣམས་བརྡར་བཏགས་པའི་ཆོས་དཀོན་མཆོག་ཡིན་ཀྱང་ཆོས་དཀོན་མཆོག་དངོས་མ་ཡིན།

༣ དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་སྟེ། མདོར་ན་འཕགས་པའི་གང་ཟག་ཉིད་དགེ་འདུན་དཀོན་མཆོག་ཡིན། དེ་ཡང་ལམ་ལ་སློབ་པའི་ཚེ་དང་པོར་ཚོགས་ལམ་དང༌། དེ་ནས་སྦྱོར་ལམ་གྱི་རྟོགས་པ་སྐྱེས་ཅིང༌། དེ་ནས་མཐོང་ལམ་གྱི་རྟོགས་པ་ནམ་སྐྱེ་བ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འཕགས་པའི་གང་ཟག་ཏུ་འགྱུར་པ་ཡིན།

སོ་སྐྱེ་སྟེ་འཕགས་པ་མིན་པའི་དགེ་སློང་གི་སྡོམ་ལྡན་བཞི་ཚང་བའིསྡེ་ལྟ་བུ་བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་ཡིན་ཀྱང་དགེ་འདུན་དཀོན་མཆོག་དངོས་མ་ཡིན། འོན་ཀྱང་བརྡར་བཏགས་པའི་ཆོས་དང་དགེ་འདུན་ལ་ཆོས་དང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་དགོས་པ་བསླབ་བྱའི་ཐད་དུ་བཤད་ཟིན་པ་ལྟར་རོ།།

ར་ས་ཕོ་ཉས་༢༠༡༠།༡།༡༢ཉིན་བྲིས།

སྐྱབས་འགྲོའི་རྣམ་གཞག

༡ སྐྱབས་འགྲོའི་ངོ་བོ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་ནས་བློས་ལིང་འགེལ་བྱས་པའོ།། དེ་ཡང་རྒྱུད་ལ་སྐྱབས་འགྲོ་རྣམ་དག་ཞིག་འོང་མིན་ནི་སྐྱབས་འགྲོའི་རྒྱུ་རྣམ་དག་ཡོད་མིན་ལ་རག་ལུས་པས་དེ་ལ།

༢ སྐྱབས་འགྲོའི་རྒྱུ་ནི། རང་སྤྱིར་འཁོར་བ་དང་བྱེ་བྲག་ངན་སོང་གི་སྡུག་བསྔལ་ལ་སྐྲག་པའི་འཇིགས་པ་དང༌། རང་གིས་བློས་འགེལ་ན་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པའོ། །ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་ལ་དེ་དག་གི་སྟེང་གཞན་སྡུག་བསྔལ་བ་ལ་སྙིང་བརྩེ་བའི་སྙིང་རྗེ་དང་གསུམ་རྒྱུར་དགོས་པའོ།།
གལ་ཏེ་འཇིགས་པ་དང་དད་པ་སྙིང་རྗེ་གསུམ་གྱིས་རྒྱུ་བྱས་པ་ལས་སྐྱབས་སུ་འགྲོ་ན། ཡུལ་གང་ལ་སྐྱབས་སུ་འགྲོ་བར་འོས་པ་དང་མི་འོས་པ་གང་ཡིན་ཞེ་ན།

༣ སྐྱབས་སུ་འོས་པའི་ཡུལ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས།
སངས་རྒྱས་ཆོས་དང་དགེ་འདུན་ནི།།
ཐར་པ་འདོད་པ་རྣམས་ཀྱི་སྐྱབས།།

ཞེས་གསུངས་པ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་དང༌། སྒྲིབ་པ་ཅི་རིགས་སྤངས་པའི་འཕགས་རྒྱུད་ཀྱི་བྲལ་བ་འགོག་བདེན་དང་དེའི་རྒྱུ་ལམ་བདེན་ཏེ་ཆོས་དང༌། དེ་གཉིས་གང་རུང་རྒྱུད་ལ་མངའ་བའི་འཕགས་པའི་གང་ཟག་གི་དགེ་འདུན་ཏེ་དཀོན་མཆོག་གསུམ་འབའ་ཞིག་གོ། །
གཞན་བརྒྱ་བྱིན་དང་ཚངས་པ་དབང་ཕྱུག་སོགས་དང༌། དེ་བཞིན་འཇིག་རྟེན་པའི་ཆོས་སྐྱོང་བ་རྒྱལ་བཙན་སོགས་སྐྱབས་སུ་འོས་པ་མིན།
དེང་སང་མི་སྐྱ་མང་པོས་གདན་ས་ཁག་གི་འདུ་ཁང་དུ་ཡོད་པའི་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་འདྲ་དེ་ཚོར་ཆོས་མཇལ་ཞུ་བ་དང་གསོལ་བ་འདེབས་པར་མ་ཕྱིན་པར། ཉིན་ལྟར་མགོན་པོ་ཁང་དུ་འཇིག་རྟེན་པའི་སྲུང་མ་ཚོར་ཕྱག་འཚལ་ཞིང་མཇལ་དར་ཕུལ་ནས་སྐྱབས་གནས་འཇིག་རྟེན་པའི་རྒྱལ་བཙན་ཚོར་བཅོལ་བ་འདྲ་བྱས་པ་དེ་ལས་ཐབས་སྡུག་པ་མེད་དེ། རྒྱལ་བཙན་སོགས་ནི་རང་ཉིད་ཀྱང་ངན་སོང་གི་སྡུག་བསྔལ་སོགས་ལ་འཇིགས་པ་ཡིན་པས་སྐྱབས་སུ་མི་འོས་ཤིང༌། དེ་དག་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མེད་དང༌། ཕལ་ཆེར་ཡི་དྭགས་དང་དུད་འགྲོའི་རིགས་སུ་གཏོགས་པ་ཡིན་པས་རང་རེ་མི་ལས་རྟེན་དམའ་བ་ཡིན་ལ། དེ་དག་ནི་ཁྲལ་གྱི་དོན་ཆུང་ངུ་ལའང་ཕན་ལས་གནོད་ཚབས་ཆེ་བས་མི་བསླུ་བ་མིན་ནོ།།
སངས་རྒྱས་ལྟ་བུ་ནི་རང་འཇིགས་པ་ཐ་དག་ལས་གྲོལ་བ་དང༌། གཞན་འཇིགས་པ་ལས་གྲོལ་མཁས་པ་དང༌། སེམས་ཅན་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་དང༌། རང་ལ་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་སྟེ་རྒྱུ་མཚན་བཞིས་སྐྱབས་སུ་འོས་པ་ཡིན།
འོ་ན་སྐྱབས་སུ་འགྲོ་བའི་ཡུལ་འདི་ལྟ་བུ་ལ་རྒྱུ་དེ་ལྟ་བུ་ལས་སྐྱབས་སུ་འགྲོ་དགོས་ན། སྐྱབས་སུ་འགྲོ་བའི་ཚུལ་ཇི་ལྟ་བུ་སྙམ་ན།

༤ སྐྱབས་སུ་སོང་བའི་ཚུལ་ནི། ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། ཁྱད་པར་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། ཁས་བླངས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་སོང་བ་སྟེ་བཞི་ཡོད་པ་ལས། འདིར་དང་པོའི་ཚུལ་མདོ་ཙམ་བརྗོད་ན།
ཡོན་ཏན་ཤེས་པའིསྒོ་ནས་སྐྱབས་སུ་སོང་བ་ནི། དེ་ཡང་།

སངས་རྒྱས་ཀྱི་ཡོན་ཏན་ལ་མཚན་དཔེ་བཅུ་གཉིས་ཀྱིས་སྤྲས་པ་ལྟ་བུ་སྐུའི་ཡོན་ཏན་དང༌། གསུང་དབྱངས་ཡན་ལག་དྲུག་ཅུ་དང༌། ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་དྲི་བ་དུ་ཞུས་ཀྱང་གསུང་གཅིག་གིས་སེམས་ཅན་སོ་སོའི་དྲི་བའི་ལན་བཀྱོན་པ་ལྟ་བུ་གསུང་གི་ཡོན་ཏན་དང༌། ཐུགས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གཟིགས་པ་དང་འགྲོ་བ་རྣམས་ལས་ཉོན་གྱིས་བཅིངས་པ་བཞིན་དུ་སངས་རྒྱས་ཀྱི་ཐུགས་སྙིང་རྗེ་ཆེན་པོས་བཅིངས་པ་ལྟ་བུ་ཐུགས་ཀྱི་ཡོན་ཏན་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ནི་ཆུ་རྩའི་ཟིལ་པ་ནང་ཚུན་གྱི་ཟླ་བའི་གཟུགས་བརྙན་ལྟར་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་དང༌། རྒྱུན་ཆད་པའམ་འཛད་པ་མེད་པར་གནས་པ་ནི་འཕྲིན་ལས་ཀྱི་ཡོན་ཏན་དང༌།
ཆོས་ཀྱི་ཡོན་ཏན་གོང་སྨོས་ཀྱི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དེ་ཆོས་སྐྱོན་སྤངས་པ་འགོག་བདེན་དང་ཡོན་ཏན་སྒྲུབ་པ་ལམ་བདེན་མངོན་དུ་བྱས་པ་ལས་བྱུང་བ་དང༌།
དགེ་འདུན་གྱི་ཡོན་ཏན་གོང་སྨོས་ཀྱི་ཆོས་དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་དང༌། ངག་གིས་ཆོས་སྨྲ་བ་དང༌། ལུས་ཀྱིས་ཆོས་སྤྱོད་པ་དང༌། ཡིད་ཀྱིས་ཆོས་ཀྱི་དོན་སེམས་པ་སོགས་དང༌། ཡང་བྱང་ཆུབ་ཀྱི་ཆོས་མཐུན་ཐོབ་པ་དང་བདེན་པ་མཐོང་བ་དང་ངན་འགྲོར་སྐྱེ་བའི་ས་བོན་ཟད་པ་སོགས་ཡོན་ཏན་མཐའ་ཡས་པ་ཡོད་པ་དག་དྲན་པར་བྱས་ནས་སྐྱབས་སུ་འགྲོ་བའོ།།
དེ་ལྟ་བུའི་སྐྱབས་འགྲོ་བྱེད་པ་ལ་དགོས་པ་ཨེ་ཡོད་སྙམ་དུ་དོགས་ན། དེ་ལྟར་སྐྱབས་འགྲོ་བྱས་པས་སྐྱབས་འགྲོའི་ཕན་ཡོན་ཐོབ་པའི་དགོས་པ་དང་ལྡན་ཏེ།

༥ སྐྱབས་འགྲོའི་ཕན་ཡོན་ནི། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང༌། ལས་ཀྱི་སྒྲིབ་པ་སྲབ་པར་འགྱུར་བ་དང༌། ཚོགས་རྒྱ་ཆེན་པོ་བསོག་པ་དང༌། བར་ཆད་ཀྱིས་མི་ཚུགས་པ་དང༌། བསམ་པའི་དོན་གྲུབ་པ་དང༌། གནས་སྐབས་ངན་འགྲོར་མི་ལྟུང་ཞིང་མཐར་སངས་རྒྱས་ཐོབ་པ་རྣམས་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས།
དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ།།
དེ་ནི་སྡོམ་བརྒྱད་རྩ་བ་ཡིན།།ཞེས་དང༌།
གང་དག་སངས་རྒྱས་སྐྱབས་སོང་བ།།
དེ་དག་ངན་འགྲོར་འགྲོ་མི་འགྱུར།།ཞེས་དང༌།
ཕར་ཕྱིན་བསྡུས་པ་ལས་ཀྱང༌།
སྐྱབས་སོང་བསོད་ནམས་གཟུགས་ཡིན་ན།།
སྟོང་གསུམ་དེ་ཡང་སྣོད་དུ་ཆུང༌།།ཞེས་སོགས་གསུངས་པས་སོ།།

ར་ས་ཕོ་ཉས་༢༠༡༠ཟླ་བ་༡་ཚེས་༧་ཉིན་བྲིས།

ཡོན་ཆབ་འབུལ་ཚུལ།

ཇོ་བོ་རྗེ་དཔལྡན་ཨ་ཏི་ཤའི་ཞལ་ནས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག་ཞེས་གསུངས་པས། ངེད་ཅག་བོད་ཀྱི་ཆུ་འདིས་ཡོན་ཆབ་ཕུལ་ན་ཕན་ཡོན་ཤིན་ཏུ་ཆེན་པོ་འབྱུང་རྒྱུ་གདོན་མི་ཟ་བས་ད་ལན་ཡོན་ཆབ་འབུལ་ཚུལ་གྱི་སྐོར་ཞིག་བརྗོད་ན།

༡༽ ཕུལ་བྱའི་རྫས་ཆུའི་ཡོན་ཏན།
གང་ཕུལ་བར་བྱ་བའི་ཆུ་ལ་འབྱུང་ན་ཡན་ལག་བརྒྱད་ལྡན་ཉིད་བཟང་བ་ཡིན་ཏེ། ཡན་ལག་བརྒྱད་ནི།
མཆིམས་འཇམ་པའི་དབྱངས་ཀྱིས།
བསིལ་དང་ཞིམ་དང་ཡང་བ་དང་།།
འཇམ་དང་དྭངས་དང་དྲི་ང་མེད།།
འཐུང་ན་མགྲིན་དང་ལྟོ་བ་ལ།།
མི་གནོད་ཡན་ལག་བརྒྱད་ལྡན་ཆུ།།
ཞེས་གསུངས་པ་ལྟར་ཡིན། གལ་ཏེ་མི་འབྱུང་ན་རྒྱུན་ལྡན་སོ་སོའི་འཐུང་རྒྱུའི་ཆུས་ཕུལ་ནའང་མ་འགྲིགས་པ་མེད།

༢༽ ཕུལ་བྱེད་གང་ཟག་གི་ཀུན་སློང་བཅོས་ཚུལ།
མགོན་པོ་ཀླུ་གྲུབ་ཀྱིས།
འདོད་ཆགས་ཞེ་སྡང་གཏི་མུག་གསུམ།།
དེས་བསྐྱེད་ལས་ནི་མི་དགེ་བ།།
མ་ཆགས་མི་སྡང་གཏི་མུག་མེད།།
དེས་བསྐྱེད་ལས་ནི་དགེ་བའོ།།
ཞེས་གསུངས་པ་ལྟར་ཐོག་མར་དགེ་བའི་སེམས་དཔེར་ན། མ་སེམས་ཅན་ཀུན་གྱི་དོན་དུ་ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བ་ལ་ཐོག་མར་ཚོགས་གསོག་པའི་ཕྱིར་དཀོན་མཆོག་མཆོད་པར་བགྱིའོ་སྙམ་པའི་ཀུན་ནས་སློང་ན། དངོས་གཞི་ཡོན་ཆབ་ཕུལ་བའི་ལས་ཐམས་ཅད་དགེ་བར་གྱུར་ཏེ། ཇོ་བོ་ཆེན་པོས་ཀྱང་། རྩ་བ་སྨན་ཡིན་ན་ཡལ་ཁ་དང་ལོ་མ་ཡང་སྨན་དུ་སོང་ཞེས་གསུངས་སོ།།

༣༽ ཚུལ་ཇི་ལྟར་འབུལ་བའི་ཚུལ།
དང་པོ་༼མཆོད་སྟན་ཐིང་དེ་ནས་༽ཏིང་རྣམས་ཕྱིས། དེ་ནས་ཏིང་རྣམས་བརྩེགས་ཏེ་ཏིང་སྟེང་མ་དེའི་ནང་ཆུ་ཅུང་ཟད་བླུགས། ཨོཾ་ཨཿ་ཧཱུྂ་ཞེས་བརྗོད་ནས་བྱིན་གྱིས་རླབས། དེ་ནས་ཏིང་སྟེང་མར་ཡོད་པའི་ཆུ་དེ་ཏིང་འོག་མ་འོག་མར་བགོ་བཞིན་ཏིང་རྣམས་བསྒྲིགས། ཏིང་སྒྲིག་པའི་ཚེ་ཏིང་ཕན་ཚུན་མི་ཐུག་པ་དང་བར་ཐག་མི་རིང་བ་དང་ཏིང་ཕན་ཚུན་བརྡབས་ནས་སྒྲ་མ་འབྱིན་པ་བྱེད་དགོས། དེ་ནས་ལག་པ་གཉིས་ཀས་གུས་པས་གྲལ་མགོ་ནས་ཕུལ་དགོས་ཤིང་། དེ་ཡང་ལུད་པ་དང་མ་ཁེངས་པ་མ་ཡིན་པར་འབྲུ་རེ་ཚོད་ཙམ་མ་གཏོགས་གང་བར་བླུགས་ན་དགེ་ལེགས་འཕེལ་ལ། དེ་ལས་ལྡོག་ན་ཉེས་དམིགས་བྱུང་བ་ཡིན།

༤༽ ཕུལ་བའི་ཕན་ཡོན་དང་ཇི་ལྟར་གཤོམ་༼སྡུད་༽ཚུལ།
ཡན་ལག་བརྒྱད་ལྡན་ཆུའི་ཡོན་ཆབ་ཕུལ་བས་ཕན་ཡོན་མི་འདྲ་བ་བརྒྱད་སོ་སོར་ཐོབ་ཏེ། དེ་ཡང་། བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང་། ཞིམ་པ་ཕུལ་བས་རོ་མཆོག་རྙེད་པ་དང་། ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང་། དྭངས་པ་ཕུལ་བས་རིག་པ་དྭངས་པ་དང་། དྲི་ང་མེད་པ་ཕུལ་བས་སྒྲིབ་པ་སྦྱོང་བ་དང་། ལྟོ་བར་མི་གནོད་པ་ཕུལ་བས་ནད་མི་འབྱུང་བ་དང་། མགྲིན་པར་མི་གནོད་པ་ཕུལ་བས་ངག་སྙན་པ་འབྱུང་ངོ་། །མཐར་ཐུག་ཀྱི་ཕན་ཡོན་ནི་སངས་རྒྱས་ཀྱི་སྐུ་སྒྲུབ་བྱེད་ཀྱི་ཚོགས་སུ་འགྲོ་བའོ། །གཤོམ་པའི་ཚེ་བླ་མ་རྣམས་ཀྱི་ཕྱག་ལེན་བཞིན་དང་པོ་མཇུག་ནས་རིམ་གྱི་བཤམ་དགོས་པའོ།།

བཀའ་གདམས་གཞུང་པ་བ་སོགས་གསུམ་ངོས་འཛིན།

ཇོ་བོ་ནས་བཀའ་གདམས་པའི་བརྒྱུད་པ་གསུམ་བྱུང་སྟེ།


༡ པོ་ཏོ་བ་ནས་བརྒྱུད་པ་བཀའ་གདམས་གཞུང་པ་བ།
༢ སྒོམ་པ་བ་ནས་བརྒྱུད་པ་བཀའ་གདམས་ལམ་རིམ་པ།
༣ སྤྱན་སྔ་བ་ལས་བརྒྱུད་པ་བཀའ་གདམས་མན་ངག་པའོ། །

དེ་ཡང་།
བཀའ་པོད་ལྔ་ལ་སོགས་པའི་གཞུང་ཆེན་མོ་ལམ་རིམ་དུ་དྲིལ་ཏེ་ཉམས་སུ་ལེན་པ་དང་པོ་དང་། དེ་ཙམ་མི་ནུས་ཀྱང་ཤེས་རབ་དང་བརྩོན་པ་ཆེས་ལམ་རིམ་ཆེ་ཆུང་ཙམ་གྱི་སྟེང་ནས་ཉམས་སུ་ལེན་པ་གཉིས་པ་དང་། དེ་ཡང་མི་ནུས་པས་ལམ་རིམ་བདེ་ལམ་དང་མྱུར་ལམ་ལྟ་བུའི་བླ་མའི་མན་ངག་ལས་ལམ་གྱི་རྐང་གྲངས་ཚང་བར་བྱས་ཏེ་ཉམས་སུ་ལེན་པ་གསུམ་པ་ཡིན།

2010-05-12

གྲུབ་མཐའི་རྣམ་གཞག་མདོར་བསྡུས་གཞོན་ནུའི་རེ་སྐོང༌།

ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལས།

ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ།།

བསྟན་པ་དང་ནི་གྲུབ་མཐའ་འོ།།

བྱིས་པ་རྣམས་ལ་བསྟན་པ་བཤད།།

རྣལ་འབྱོར་པ་ལ་གྲུབ་མཐའ་འོ།།



ཞེས་གསུངས་པ་ལྟར། གཞུང་ལུགས་ལ་སྦྱངས་པ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རང་གི་བློ་ཡུལ་དུ་གྲུབ་པའི་ཚུལ་ལུང་རིགས་གང་རུང་ལ་བརྟེན་ནས་སྨྲ་བར་བྱེད་ཅིང་དེ་ལས་གཞན་དུ་མ་འདོད་པར་མཐའ་དེ་ཙམ་དུ་འདོད་པའི་ཁས་ལེན་གྱི་ཚུལ་ལུགས་ཞིག་ལ་གྲུབ་མཐའ་ཞེས་བརྗོད་དོ།། སྤྱིར་གྲུབ་མཐའ་ལ་ཕྱེ་ན་ནང་པའི་གྲུབ་མཐའ་དང་ནང་པ་མིན་པའི་གྲུབ་མཐའ་གཉིས་ཡོད། དེ་ལ་ཐོག་མར་ནང་པ་ཞེས་པ་ནི་བྱུང་ན་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཞིག་དགོས་ཤིང༌། ཅི་སྟེ་མ་མཐའ་ཡང་ནང་པ་སངས་རྒྱས་པའི་གྲྭལ་དུ་ཆུ་ཚད་པ་ལ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ཞིག་དགོས། དེ་ཡང་བསྟན་པ་འདིའི་དབང་དུ་བྱས་ན་སྔོན་རྒྱལ་པོ་ཟས་གཙང་གི་སྲས་དོན་གྲུབ་བྱ་བ་འཇིག་རྟེན་ཕལ་པའི་སྣང་ཚུལ་ལ་དགུང་ལོ་ཉི་ཤུ་རྩ་དགུ་ནས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་ཏེ། ནགས་སུ་ལོ་དྲུག་གི་རིང་དཀའ་བ་སྤྱད་པས། མཐར་སངས་རྒྱས་ཞིང༌། ཆོས་འཁོར་བསྐོར་བ་ནས་ནང་པ་ཞེས་པ་བྱུང་བ་ཡིན།ནང་ཆོས་ཞེས་པ་ནི་སློབ་དཔོན་དབྱིག་གཉེན་གྱིས།


སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།

ཞེས་གསུངས་པ་བཞིན། སྟོན་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་སོགས་སངས་རྒྱས་པའི་ལུང་དང༌། ལྷག་པའི་བསླབ་པ་གསུམ་གྱི་བསྡུས་པའི་རྟོགས་པའི་ཡོན་ཏན་ལ་གོ་དགོས་པ་ཡིན། ཡང་ནང་པའི་ཁྱད་ཆོས་ནི་གསུམ་དུ་ཡོད་དེ།

༡ སྟོན་པ་སྐྱོན་ཅི་ཡང་མེད་ཅིང་ཡོན་ཏན་ཐམས་ཅད་ཡོད་པ།

༢ བསྟན་པ་སེམས་ཅན་འབུ་སྲིན་ལྟ་བུ་སུ་ལ་འཚེ་བ་མེད་པ།

༣ ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་འདོད་པའོ།།

དེ་ལ་འདིར་ཉེ་བར་འཁོ་བ་ནང་པའི་མཐའ་གྲུབ་བརྗོད་པར་འདོད་པས་དེ་ལ་ཕྱེ་ན་བཞི། ༡ བྱེ་བྲག་སྨྲ་བ། ༢ མདོ་སྡེ་པ། ༣ སེམས་ཙམ་པ། ༤ དབུ་མ་པའོ།།

དང་པོ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་བཤད་པ་ལ་ལྔ་ལས།

༡ བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ནི། དགྲ་བཅོམ་པ་གང་བུ་དང༌། སློབ་དཔོན་དབྱིག་བཤེས་དང༌། ཆོས་སྐྱོབ་དང༌། སངས་རྒྱས་ལྷ་དང༌། དབྱངས་སྒྲོག་དང༌། ཉེར་སྦས་འདུས་བཟང་སོགས།

༢ བྱེ་བྲག་དུ་སྨྲ་བའི་གཞུང་ནི། མངོན་པ་སྡེ་བདུན། བྱེ་བྲག་བཤད་མཛོད་ཆེན་པོ་སོགས་སོ།།

༣ བྱེ་བྲག་ཏུ་སྨྲ་བའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་གཟུང་རྣམ་རིག་པའི་ཆ་སྟེ་རང་རིག་ཞེས་པ་དེ་ཁས་མ་བླངས་ཤིང༌། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་དོན་བདེན་པར་གྲུབ་པ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་བྱེ་བྲག་ཏུ་སྨྲ་བར་འདོད། བྱེ་བྲག་ཏུ་སྨྲ་བས་བློ་ལ་ཡུལ་གྱི་རྣམ་པ་ཤར་བ་མེད་པས། དེ་མྱོང་བའི་རང་རིག་ཟེར་བ་དེ་མི་འདོད་ཅིང༌། འོན་ཀྱང་ཕྱི་དོན་དང་བདེན་གྲུབ་འདོད་དོ། ཡང་དེས་ཡོད་པ་དང་དངོས་པོ་དོན་གཅིག་པ་དང༌། དུས་གསུམ་རྫས་སུ་གྲུབ་པ་སོགས་འདོད་ཅིང༌། དུས་གསུམ་རྫས་སུ་གྲུབ་ཏུ་འདོད་པའི་ཚུལ་ནི། གཞི་བུམ་པ་ལྟ་བུ་དེ། བུམ་པའི་འདས་པའི་དུས་སུ་ཡང་ཡོད། བུམ་པའི་མ་འོངས་པའི་དུས་སུའང་ཡོད་པར་འདོད་པའོ། །བརྗོད་མ་ཐག་པ་དེ་ཙམ་དུ་མ་ཟད་པའི་བྱེ་བྲག་སྨྲ་བའི་འདོད་ཚུལ་ཐུན་མོང་མིན་པ་མང་པོ་ཞིག་ཡོད་པ་ཡང་ཤེས་པར་དགོས་སོ།།

༤ བྱེ་བྲག་ཏུ་སྨྲ་བའི་དབྱེ་བ་ནི།

ཁ་ཆེ་བ་དང༌། ཉི་འོག་པ་དང༌། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ། ཡང་ན། ཁ་ཆེ་བ་དང༌། ནུབ་ཕྱོགས་པ་དང༌། ཉི་འོག་པ་གསུམ་སྟེ། རིམ་བཞིན་ཁ་ཆེ་བའི་ཡུལ་ན་གནས་པ་དང༌། དེ་དག་གི་ནུབ་ན་གནས་པ་དང༌། དེ་དག་ལས་གཞན་ན་གནས་པ་རྣམས་ལ་བརྗོད་དོ།།

༥ བྱེ་བྲག་སྨྲ་བའི་སྒྲ་བཤད་ནི། བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བའམ། །དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་འདོགས་སོ།།

གཉིས་པ་མདོ་སྡེ་པའི་གྲུབ་མཐའ་བཤད་པ་ལ་ཡང་ལྔ་ལས།

༡ མདོ་སྡེ་པའི་སློབ་དཔོན་ནི། སློབ་དཔོན་ཀུ་མ་ར་ཏ། ཤི་རི་ར་ཏ། བཙུན་པ་ར་ཏ་སོགས་སོ།།

༢ མདོ་སྡེ་པའི་གཞུང་ནི། མདོ་སྡེ་པའི་གྲུབ་མཐའ་རང་དགའ་བ་སྟོན་པའི་གཞུང་བོད་དུ་བསྒྱུར་བ་མེད་ཅིང༌། འདོད་པ་ཕལ་ཆེར་ནི་མཛོད་རང་འགྲེལ་འགྲེལ་བཤད་དང་བཅས་པ་དང༌། མངོན་པ་ཀུན་བཏུས་རྩ་འགྲེལ་དང༌། ཚད་མ་སྡེ་བདུན་སོགས་སུ་བྱུང་ངོ༌།།

༣ མདོ་སྡེ་པའི་ངོ་བོ་དང་འགྲེལ་བའི་འདོད་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་དང་མི་འདྲ་བར་རང་རིག་ཞེས་པ་དེ་ཁས་ལེན་ཞིང་ཡང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་མདོ་སྡེ་པར་འདོད་དོ། །དེ་ཡང་རང་རིག་མེད་ན། ཕྱིས་སུ་ངས་སྔོན་པོ་མཐོང་ངོ་སྙམ་པ་དང༌། སྔོན་པོ་འདི་མཐོང་ངོ་སྙམ་པའི་དྲན་ཚུལ་གཉིས་མི་འབྱུང་བར་འགྱུར་ཏེ། མ་མྱོང་བ་ལ་དྲན་པ་སྐྱེ་བ་མེད་པས་སྔོན་འཛིན་ཤེས་པ་མ་མཐོང་པ་ལ། དེས་སྔོན་པོ་མཐོང་བ་དྲན་པ་མི་སྲིད་པའི་ཕྱིར་སྙམ་པའོ། །དེ་བཞིན་དུ་མངོན་སུམ་གྱི་སྣང་ཡུལ་ལ་དངོས་པོ་ཡིན་པས་ཁྱབ་པ་དང༌། འདུས་བྱས་ལ་དོན་དམ་བདེན་པས་ཁྱབ་པ་དང་འདུས་མ་བྱས་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པ་སོགས་འདོད་དོ།། ཡང་མདོ་སྡེ་པ་ཡན་ཆད་ཀྱིས་དུས་གསུམ་རྫས་སུ་མ་གྲུབ་པར་འདོད་དེ་བུམ་པ་ལྟ་བུ་རང་གྲུབ་པའི་དུས་གཉིས་པར་ཞིག་པའི་ཆ་དེ་དེའི་འདས་པ་དང་དེ་དངོས་པོ་དེའི་ཕྱིར་ལོགས་སུ་བྱུང་བར་འདོད་པའི་ཕྱིར།

༤ མདོ་སྡེ་པའི་དབྱེ་བ་ནི། མདོ་སྡེ་པ་ལ་ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པ་གཉིས་སུ་དབྱེར་ཡོད་དེ། མདོ་སྡེ་ལས་ཇི་ལྟར་བྱུང་བ་བཞིན་སྒྲ་ཇི་བཞིན་དུ་ཁས་བླངས་པའི་སྒོ་ནས་ལུང་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཆད་པ་དང༌། ཚད་མ་སྟེ་བདུན་ནས་བཤད་པ་བཞིན་གྱི་རིགས་པའི་རྗེས་སུ་འབྲངས་ནས་དེ་ལྟར་འཆད་པ་གཉིས་ཡོད་པའི་ཕྱིར།།

༥ མདོ་སྡེ་པའི་སྒྲ་བཤད་ནི། བྱེ་བྲག་ཏུ་བཤད་པའི་རྗེས་སུ་མི་འབྲང་བར་གཙོ་བོར་བཅོམ་ལྡན་འདས་ཀྱི་མདོ་སྡེ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང༌། ཆོས་རྣམས་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་དཔེ་སྟོན་པ་སྟེ་དེ་གཉིས་མིང་གི་རྣམ་གྲངས་སོ། །བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་སྨྲ་བ་ལ་དོན་སྨྲ་གཉིས་ཞེས་འབྱུང་ཞིང་གྲུབ་མཐའ་དེ་གཉིས་ལ་ཐེག་དམན་གྱི་གྲུབ་མཐའ་ཞེས་ཀྱང་བརྗོད་དོ། གྲུབ་མཐའ་དེ་གཉིས་ཀྱི་ལུགས་ལ། ཐེག་ཆེན་ཐེག་དམན་གྱི་ཐ་སྙད་མེད་ཅིང་ཆོས་ཀྱི་བདག་མེད་ཅེས་པ་སྒྲིབ་པ་མཐའ་དག་གི་གཉེན་པོར་གྱུར་པ་ཞིག་ཡོད་པ་མི་འདོད་དོ།།

གསུམ་པ་སེམས་ཅམ་པའི་གྲུབ་མཐའ་ལ་ཡང་ལྔ་ལས།

༡ སེམས་ཅམ་པའི་སློབ་དཔོན་ནི། འཕགས་པ་ཐོག་མེད་ནི་སེམས་ཙམ་པའི་ཤིང་རྟ་སྲོལ་འབྱེད་ཡིན་ལ། དེའི་རྗེས་སུ་འབྲངས་བ་དེའི་སྐུ་མཆེད་དབྱིག་གཉེན། གནས་བརྟན་ཆོས་སྐྱོང༌། བློ་བརྟན། ཕྱོགས་གླང༌། ཆོས་གྲགས། བླ་མ་གསེར་གླིང་པ། ཤན་ཏི་པ་སོགས་སོ།

༢ སེམས་ཙམ་པའི་གཞུང་ནི། མདོ་སྡེ་རྒྱན་འབྱེད་རྣམ་གཉིས། ས་སྡེ་ལྔ༌། སྡོམ་གཉིས། རྣམ་བཤད་རིགས་པ། རྟེན་འབྲེལ་མདོ་འབྲེལ། ཚད་མ་ཀུན་བཏུས་རྩ་འབྲེལ། དམིགས་བརྟན་རྩ་འབྲེལ། ཚད་པ་སྡེ་བདུན་སོགས་སོ།

༣ སེམས་ཙམ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། ཕྱི་དོན་ཁས་མི་ལེན་ཞིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་སེམས་ཙམ་པར་བྱས་སོ། དེ་དག་གིས་ཕྱི་དོན་མེད་དེ། ཤེས་བྱ་ཡིན་ན་བག་ཆགས་སད་སྟོབས་ཀྱི་གྲུབ་དགོས་ཤིང༌། ནང་གི་བག་ཆགས་སད་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་གྱི་སྟེང་དུ་རྡུལ་ཕྲན་ཆ་མེད་གཅིག་གི་རྩོམ་གཞི་བྱས་པ་ལས་ཕྱི་དོན་གོང་བུ་གྲུབ་པ་མེད་དེ་ཆོས་ཐམས་ཅད་ཤེས་པའི་བདག་ཉིད་ཙམ་དུ་གྲུབ་པའི་ཕྱིར་སྙམ་པའོ། དེ་ཡང་གཙོ་བོ་སངས་རྒྱས་ཀྱི་གསུང་མདོ་སྡེ་དགོངས་འགྲེལ་སྒྲ་ཇི་བཞིན་པར་ཁས་ལེན་པ་ལས་ཡིན་ནོ། ཡང་དེས་ཆོས་ཐམས་ཅད་ཀུན་བཏགས། གཞན་དབང་ཡོངས་གྲུབ་བྱ་བའི་ཆོས་གསུམ་དུ་བསྡུས་པར་འདོད་དེ། རྟོག་པས་བཏགས་པ་ཙམ་དུ་གྲུབ་པ་རྣམས་ཀུན་བཏགས། དེར་མ་གྲུབ་པ་ལ་རྒྱུ་ལས་སྐྱེས་པ་གཞན་དབང༌། དེ་གཉིས་གང་ཡང་མིན་པའི་ཡོད་པ་ལ་ཡོངས་གྲུབ་ཏུ་འདོད་ཅིང༌། མཐའ་མ་དེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་ཏུ་འདོད་དོ། དེ་དང་དེ་བཞིན་ཉིད་ཆོས་ཉིད་ཅེས་པ་རྣམས་དོན་གཅིག དེས་གཟུགས་ཕྱི་རོལ་དོན་དུ་མ་གྲུབ་པ་བསྒོམ་པ་ལས་སྒྲིབ་པ་གཉིས་ཀ་དང༌། གང་ཟག་རང་རྐྱང་ཐུབ་པའི་རྫས་ཡོད་ཀྱི་སྟོང་པ་བསྒོམ་པ་ལས་ཉོན་སྒྲིབ་སྤོང་བར་བཞེད་དོ།།

༤ སེམས་ཙམ་པའི་དབྱེ་བ་ནི། སེམས་ཙམ་པ་ལ། སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས་སུ་དབྱེར་ཡོད་དེ། སྔ་མས་སྔོ་འཛིན་མིག་ཤེས་སྔོན་པོ་སྔོན་པོར་སྣང་བ་ལ་མ་འཁྲུལ་བ་དང༌། ཕྱི་མས་འཁྲུལ་བར་འདོད། ཡང་དེ་ལ་དབྱེ་ན་གཉིས། ལུང་གི་རྗེས་འབྲངས་སེམས་ཙམ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་གཉིས། དང་པོ་ས་སྡེ་ལྔའི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་ནས་ཀུན་གཞི་དང་ཉོན་ཡིད་ཞལ་གིས་བཞེས། ཕྱི་མས་ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གྲངས་དྲུག་ཙམ་དུ་འདོད་ཅིང༌། གང་ཟག་གི་མཚན་གཞི་ཀུན་གཞི་མ་བཞག་པར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བཞག་གོ།

༥ སེམས་ཙམ་པའི་སྒྲ་བཤད་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ཙམ་པའམ་རྣམ་རིག་པ་དང༌། རྣལ་འབྱོར་པའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་ཞེས་གྲགས་སོ། དེ་རྣམས་དོན་གཅིག།

བཞི་པ་དབུ་མ་པའི་གྲུབ་མཐའ་ལ་ཡང་སྔར་བཞིན་ལྔ༌།

༡ དབུ་མ་པའི་སློབ་དཔོན་ནི། མགོན་པོ་ཀླུ་གྲུབ་ནི་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་པ་པོ་ཡིན་ལ་དེའི་རྗེས་སུ་འབྲངས་པ། འཕགས་པ་ལྷ། ལེགས་ལྡན་འབྱེད། སངས་རྒྱས་བསྐྱངས། ཞི་བ་མཚོ། ཟླ་བ་གྲགས་པ། ཞི་བ་ལྷ། དཔའ་བོ། ཀླུ་བྱང༌། འཕགས་པ་གྲོལ་སྡེ། སེངྒེ་བཟང་པོ་སོགས་ཆེས་མང་དུ་བྱུང་ངོ༌།།

༢ དབུ་མ་པའི་གཞུང་ནི། རིགས་ཚོགས་དྲུག བཞི་བརྒྱ་པ། འགྲེལ་པ་སངས་རྒྱས་བསྐྱངས། རྟོག་གེ་འབར་བ། ཚིག་གསལ། འཇུག་པ་རྩ་འགྲེལ། བསླབ་བཏུས། སྤྱོད་འཇུག དབུ་མ་རྒྱན། ཉི་སྣང༌། རྒྱན་སྣང་སོགས་སོ།

༣ དབུ་མ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་དབུ་མ་པར་འདོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་སོགས་སུ་རྟེན་ནས་འབྱུང་བ་ལ་སོགས་པའི་རིགས་པའི་སྒོ་དུ་མ་ནས་ཆོས་ཐམས་ཅད་བདེན་མེད་དུ་གྲུབ་པ་ལས་ཡིན་ཏེ་འདིའི་ལུགས་ལ་བདེན་པར་གྲུབ་ན་རྒྱུ་འབྲས་ལ་སོགས་པའི་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་བའི་ཕྱིར།

༤ དབུ་མ་པའི་དབྱེ་བ་ནི། སྤྱིར་དབུ་མ་པའི་གྲུབ་མཐའ་སྨྲ་བ་ལ་དབྱེ་ན། རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་རྟགས་ཁས་ལེན་པ་དང་པོ་དང༌། དེ་ཁས་མ་བླངས་པར་ཐལ་འགྱུར་ལས་བསྒྲུབ་བྱ་འཇལ་བར་འདོད་པ་ཕྱི་མའོ། །ཡང་ན་རང་མཚན་ཁས་ལེན་པ་དང་མི་ལེན་པའོ། རང་རྒྱུད་པ་ལ་ཡང་དབྱེ་ན། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་དང༌། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་གཉིས་ཕྱི་དོན་ཁས་མི་ལེན་ཞིང་རང་རིག་ཁས་ལེན་པ་དེ་དང་པོ་དང༌། དེ་ལས་ལྡོག་ཏེ་ཕྱི་དོན་ཁས་ལེན་ཞིང་རང་རིག་ཁས་མི་ལེན་པ་ཕྱི་མ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལ་ཡང་གཉིས། རྣམ་བདེན་པ་དང་མཐུན་པ་དང༌། རྣམ་རྫུན་པ་དང་མཐུན་པའོ། དཔེར་ན། ཞི་མཚོ་དཔོན་སློབ། འཕགས་པ་གྲོལ་སྡེ་ལྟ་བུ་དང་པོ་དང༌། སློབ་དཔོན་སེངྒེ་བཟང་པོ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར།

༥ དབུ་མ་པའི་སྒྲ་བཤད་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་དང༌། བདེན་གྲུབ་ཀྱི་ངོ་བོ་རྡུལ་ཙམ་ཡང་མེད་པར་སྨྲ་བ་ན་ངོ་བོ་ཉིད་མེད་པར་སྨྲ་བའོ།། ཡང་ན། དབུ་མ་རྩ་བའི་རྗེས་སུ་འབྲངས་ནས་སྨྲ་བ་ན་དབུ་མ་པའོ།།

གྲུབ་མཐའི་རྣམ་གཞག་གཞོན་ནུའི་རེ་སྐོང་དེ།།

གངས་ཅན་བོད་ཀྱི་གཞོན་ནུར་ཕན་པའི་ཕྱིར།།

གཞུང་ལུགས་རྒྱ་མཚོར་བྱིང་བའི་བློ་དམན་པ།།

དགེ་སློང་བསྟན་ཕུན་དཔལ་གྱིས་བྲིས་པ་དགེ།