2010-05-14

ཕྱི་ལོ་2010ལགས། རེ་བ་བཅངས་ཡོད།

ད་རིང་ནི་ཉིས་སྟོང་དགུ་ལོའི་ཆེས་ཐ་མཇུག་གི་ཉིན་ཞག་ཡིན་ལ། མི་མང་པོ་ཞིག་གིས་་ཉིས་སྟོང་བཅུའི་ལོ་ལ་དགའ་བསུ་ཞུས་པའམ་ཉིས་སྟོང་དགུ་ལས་མཐར་བའི་དགའ་སྐྱིད་གཏོང་བ་གང་ཡིན་ཆ་མ་འཚལ་བའི་སྤྲོ་སྐྱིད་ཀྱི་བྱེད་སྒོ་གོ་བསྒྲིགས་བྱས་ཡོད་མོད། ངོས་རང་ལ་ཆ་བཞག་ན་དེ་རིང་ནི་དགའ་འོས་པ་དང་བཀྲ་ཤིས་པའི་ཉིན་མོ་ཞིག་ཏུ་གཏན་ནས་མ་སྣང་། ངས་ཉིས་སྟོང་དགུའི་ལོ་འདིར་ཕྱི་མིག་ཞིག་བལྟ་སྐབས་ཆོས་དང་འཇིག་རྟེན་གང་ཡང་མིན་པའི་འཚོ་བའི་ནང་ཟང་ཟིང་གི་འདུ་དགོད་ཁྲོད་ཧ་ཅང་ཐང་ཡང་ཆད་པ་བྱུང་སོང་ལ། སྐབས་རེ་སོ་སོས་ཀྱང་ཉི་མ་ལ་རྩེར་འབུད་མ་ཐུབ་པར་འཁྱམས་གཉིད་ཀྱི་སྤྱོད་པ་ལ་འགྲོ་དགོས་པ་ཡང་བྱུང་སོང་།

འོན་ཀྱང་དེའི་རིང་རང་ཉིད་ལ་བདེ་སྡུག་གི་ཚོར་བ་ཇི་འདྲ་ཞིག་བསྐྱེད་ཀྱང་དྭངས་གཙང་ལྷད་མེད་ཞིག་མིན་པར་དངངས་སྐྲག་དང་རེ་འདུན་གྱི་ལྕིད་ཀྱིས་གནོན་པ། རང་ཉིད་ཀྱི་ལུས་རྟེན་འདིར་སྤུན་ཟླ་དང་བྲལ་འདུང་གིས་མནར་བའི་སྡུག་བསྔལ་དང་། ཅེ་སྤྱང་གི་འབར་མོའི་འོག་དངོས་ཤུགས་བརྒྱུད་པས་འཇིགས་སྣང་གི་དངངས་སྐྲག་དང་། ལོ་ཟླས་འགྱུར་འགྲོས་མགྱོགས་པས་ཕྱི་དྲོ་རང་ཁྱིམ་གྱི་སྒོ་ཁར་སླེབས་ཐུབ་བམ་སྙམ་པའི་རེ་དོགས་ཀྱིས་ཁྲག་རྩ་ཡང་ཡང་འགགས་པས་འཇིག་རྟེན་འདི་ཕྱི་གང་ཞིག་བསམས་ཀྱང་སེམས་ཁོངས་ནས་དགའ་ཡོང་བ་ཞིག་ད་བར་མ་བྱུང་བ་ཡིན།

༢༠༡༠་ལགས།

ངས་ཁྱེད་ལ་རེ་བ་བཅངས་ཡོད།

ཡིན་ནའང་།

ངས་ཁྱེད་ལ་དགའ་བསུ་ཞུ་གི་མིན།

འོན་ཀྱང་།

ངས་ཁྱེད་ཀྱི་ལོ་མཇུག་ལ་སྙིང་ཁོངས་ནས་དགའ་བ་ཞིག་སྲིད་ན་སྙམ་བསྡད་ཡོད།

༢༠༡༠་ལགས།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།