2010-05-14

ཟླ་དཀར།

ཕྲ་ཆུང་མིག་གིས་མཛེས་པ་ཡི།།
གསེར་ཉ་དུ་མས་རབ་དཁྱིལ་བ།།
རྫིང་བུ་གཡོ་བའི་ཁར་རྩེན་པའི།།
ཟླ་དཀར་གཟུགས་བརྙན་ཡིད་རབ་འཕྲོག།

བློ་གྲོས་སྤྲེའུ་ལས་ལྷག་གྱུར་ན།།
བལྟ་འདོད་མིག་གིས་དགུང་ལ་སྙེགས།།
མུན་ནག་མཁའ་ཡི་གླང་པོ་ཁྱུས།།
ཟླ་དཀར་བྱད་བཞིན་དཀྱིལ་འཁོར་སྒྲིབ།།

རེ་ཞག་དར་གྱིས་བཅིངས་བྱེད་པ།།
སྙིང་གི་བུ་མོ་དལ་མེད་འཕར།།
རྣ་བའི་བུ་ག་རླུང་གིས་འགགས།།
འདྲེན་བྱེད་ཅེ་རེར་ལོང་པར་སྙམ།།

སྒྲ་སྒྲོག་དཔུང་གི་བར་གསེབ་ནས།།
བདེ་འཐུང་གློག་གི་གསལ་ཆའི་འོག།
མཆི་མས་གོར་དུ་བརླན་པ་ཡི།།
མིག་ནང་ཟླ་དཀར་གཟུགས་བརྙན་འཆར།།

མིག་ཆུའི་ཐིགས་པས་བརྡུངས་པ་ཡིས།།
རི་བོང་མཚན་མ་རབ་རིབ་གྱུར།།
དྲན་གདུང་རྩ་ལམ་ཁྲག་གིས་འགེངས།།
མིག་གི་ཟླ་དཀར་དམར་མདངས་རྒྱས།།

སྐད་ཅིག་ཆུ་འཛིན་དཔུང་གི་ཚོགས།།
རླུང་གི་རྟ་མཆོག་ལ་བརྟེན་ནས།།
མགྲིན་པ་བཅུ་པས་སི་ཏ་བཞིན།།
ཟླ་དཀར་གཟུགས་བརྙན་སྐུང་པར་བྱེད།།

བསམ་པ་དག་པའི་ཡིད་ཀྱི་མིག།
ཀུན་གསལ་དག་པའི་ངོས་ལ་ཕྱོགས།།
ལིང་ཏོག་དག་པའི་མིག་ཟུང་གིས།།
ནམ་ཡང་མི་འཛུམ་ཟླ་དཀར་སྒུག།

༢༠༠༩ཟླ་བ་༡༢ཚེས་༢༩ཉིན་བྲིས།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།