2010-05-14

"སི་པན་ཁ་ཚ་པོ་"

ད་གན་ང་རང་ཁ་ལག་ཟ་དུས་སི་པན་རིལ་རིལ་གཅིག་ཟས་པས་ཁ་ཞེ་དྲག་འཚིག་སོང་བས་ཆུ་ཡང་འགྱིག་དམ་གང་ཙམ་འཐུངས་པ་ཡིན། ཧུད། ད་རུང་ཡང་ཁ་འཚིག་གི་འདུག་མོད། ད་གིན་ང་རང་སི་པན་གྱིས་ཁ་འཚིག་ནས་ཆུ་འཐུང་བའི་སྐབས་སུ་དོགས་པ་ཞིག་ཟ་སོང་བ་འདིར་འགོད་པ་ལ།

སི་པན་གྱི་ཚ་བ་དེ་དོན་ལྔའི་ནང་ནས་རོ་རེད་དམ་རེག་བྱ་རེད།

༡་རོ་ཡིན་ན། ལུས་སྟེང་གི་རྨ་ཁ་སོགས་ལ་སི་པན་འབྱུག་དུས་ཚ་དགོས་དོན་ཅི་ཡིན། དཔེར་ན། ང་ཚོའི་རྨའི་སྟེང་སྐྱུར་འབྱུགས་ན་སྐྱུར་པོ་ཚོར་གྱི་མི་འདུག་ག ཡང་ལྕེ་ལབ་ལ་རེག་པས་ཚོར་བ་ཙམ་རྒྱུ་མཚན་གྱིས་རོ་ཡིན་ན་ལྕགས་དམར་པོ་དེ་ཚོའི་ཚ་བ་ཡང་རོ་རེད་དམ། ཡང་རོ་ཡིན་ན་སི་པན་གྱིས་ཁ་ཚ་དུས་ཆུ་སོགས་གྲང་མོ་མ་གཏོགས་ཆུ་ཚ་པོ་བཏུང་ན་མི་ཕན་པར་གནོད་དོན་ཅི་ཡིན། ཡང་རོ་ཡིན་ན་ཁ་སྐད་དུ་ཡང་"སི་པན་ཁ་ཚ་བོ་"བརྗོད་པ་མ་གཏོགས་ལྕེ་ཚ་པོ་མི་ལབ་དོན་གང་ཡིན།

༢ རེག་བྱ་ཡིན་ན། མངོན་པའི་གཞུང་ལས་རོ་ལ་དྲུག་ཏུ་ཕྱེ་ཞིང་དེའི་ནང་ཚ་བ་དང་ལན་ཚྭ་བ་གཉིས་གསུངས་པ་སོ་སོའི་ངོས་འཛིན་གང་ཡིན། ཡང་རེག་བྱ་ཡིན་ན་རྨ་ཁ་མེད་པའི་ལུས་ཀྱི་ཆ་ཤས་ལག་པ་ལྟ་བུའི་ལུས་ཤེས་ཀྱིས་མི་མྱོང་བའི་རྒྱུ་མཚན་གང་། ཡང་རེག་བྱ་ཡིན་ན་མེའི་རེག་བྱ་ཡིན་དགོས་པས་སི་པན་མང་པོས་གང་ཞིག་བསྲེགས་པར་བྱེད་ནུས་སམ།

༣ གཉིས་ཀ་ཡིན་ན། གྲང་མོ་ཡང་རོ་དང་རེག་བྱ་གཉིས་ཀ་རེད་དམ།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།