2010-05-14

གྲོགས་པོ་ཞིག་ལ་སྤྲིངས་པ། ཀ་བཤད།

ཀ་ཡེ་གསོན་དང་གྲོགས་པོ་གྷ་ཇེ་ནི།
ཁ་ཞེ་གཉིས་མེད་གྲོགས་པོ་ཡིན་ན་ནི།
ག་ཡང་ཡི་གེ་གཅིག་ཀྱང་གཏོང་ངེས་ནའང་།
ང་ལ་ད་རུང་མི་སླེབས་སེམས་པ་སྐྱོ།

ཅ་ཅོ་དབྱིན་སྐད་འདྲེ་མོ་དེའི་ཆེད།
ཆ་འཇོག་གྲོགས་པོ་ཚང་མ་བློས་བཏང་ན།
ཇ་ཆང་ཁམ་བུ་གང་གི་ཆེད་དུ་ནི།
ཉ་ཤ་ལུག་ཤ་བཏང་དང་ཁྱད་པར་ཅི།

ཏ་ལའི་བླ་མའི་བཀའ་ཡིས་མ་བསྐུལ་ཞིང་།
ཐ་མལ་དབུལ་པོ་དག་གིས་མ་གསོལ་བར།
ད་ལྟ་དབྱིན་ཇིའི་ཡུལ་དུ་འཁྱམས་པ་འདི།
ན་གཞོན་གཤོག་རྩལ་ངོམ་པའི་ཚུལ་རེད་དམ།

པ་ལགས་དམ་པའི་རེ་བཞག་མ་ཤོར་བར།
ཕ་རོལ་མགོ་སེར་ཚོ་དང་ཐག་རིང་བྱོས།
བ་ལྒང་བཞིན་དུ་དབྱིན་སྐད་རྒྱབ་དྲག་ན།
མ་གིའི་རྫབ་དོང་ནང་དུ་ཟགས་ཡོང་ང་།

ཙ་རྟགས་ཙམ་གྱི་གྲོགས་པོའི་ལ་རྒྱ་ཞིག
ཚྭ་འབུམ་བཞིན་དུ་ཁྱེད་ལ་ཨེ་ཡོད་བསམ།
ཛ་དྲག་གཤེན་རྗེའི་འཕྲང་སྒོར་སླེབས་མེད་ན།
ཝ་ལེར་ངེད་ལ་བརྡ་ཞིག་བྱེད་དགོས་ངེས།

ཞྭ་མོ་ལྷགས་པས་ཁུར་འདྲའི་གྲོགས་པོ་ཁྱེད།
ཟ་འོག་ལོན་ཌོན་གྲོང་དུ་སླེབས་པའི་ཚེ།
འ་ཅག་གྲོགས་པོ་ཚང་མ་བརྗེད་སོང་ན།
ཡ་ཡུག་བསྒྲིལ་ནས་ཚུར་ལ་ལོག་མ་ཡོང་།

ར་ཅོ་ཅན་གྱི་རྒྱབ་ནས་ཕུགས་པ་ལས།
ལ་ལུང་འདི་ན་ལན་གཅིག་ཚུར་འོང་ཚེ།
ཤ་ཕྱེད་རུས་ཕྱེད་བཟོས་པར་མ་གྱུར་ན།
ས་སྟེང་འདི་ན་ར་ས་ཕོ་ཉ་མེད།

ཧ་ཧ་ཞེད་སྣང་མ་བྱོས་གྲོགས་པོ་ལགས།
ཨ་ཙི་དུས་ཚོད་བྱུང་ན་ཁ་པར་ཐོངས།
ཧ་ཅང་རིན་གོང་ཆེན་པོ་ཡིན་འདུག་ན།
ཨ་དྲུང་ལག་ཏུ་ཨང་ཀི་སྐུར་ཤོག་དང་།

མཆན། བ་ལྒང་དང་ཚྭ་འབུམ་ཞེས་པ་མི་གཉིས་ཀྱི་མིང་ཡིན།

ས་གླང་མགོ་༢༥ཉིན་བྲིས་ཤིང་སྤེལ།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།