2010-05-14

ཉིན་ཐོ།

ད་རིང་ཉིན་རྒྱབ་ང་རང་གྲོགས་པོ་འགའ་ཞིག་དང་ལྷན་དུ་དཔེ་མཛོད་ཀྱི་ཇ་ཁང་ནང་ཆུ་འཐུང་པར་འགྲོ་དུས་ཟུར་དེར་ཡོད་པའི་དཔེ་མཛོད་ཀྱི་ཚོང་ཁང་དེ་མཐོང་བ་དང་ལམ་སེང་ལོ་ཐོ་གསར་པ་ཞིག་ཉོ་རྒྱུའི་བསམ་བློ་འཁོར་བས་རོགས་པ་ཚོ་དང་ལྷན་དུ་དཔེ་ཚོང་ཁང་ལ་ཕྱིན། དེར་ཚོང་པ་དེར་ལོ་ཐོ་ཞིག་བཙོང་རོགས་ཟེ་ཞོར་དུ་ལྕོག་རྩེ་སྟེང་གཅིག་བལྟས་པས་དེར་དགེ་སློང་རྣམ་རྒྱལ་དབང་ཆེན་གྱིས་བརྩམས་ཞེས་པའི་ཚན་རིག་གི་དཔྱད་དེབ་ཞིག་ཚོང་རྒྱུ་འདུག ངས་གོང་ཚད་དྲིས་པས་སྒོར་༡༥༠རེད་འདུག

ང་རང་ལ་དང་ཐོག་ནས་དོགས་པ་ཡོད་པ་བཞིན་འབའ་ཁུག་ནང་དངུལ་ག་ཚོད་འདུག་བལྟས་པས་སྒོར་བརྒྱ་དང་ལྔ་བཅུ་ལྷག་ཙམ་ལས་མེད་པ་ཤེས་པས་ངས་དེབ་དེ་ཉོ་ན་རོགས་པ་ཚོར་ཆུ་ཉོ་མ་ཐུབ་པར་སོང་ངས་ཁ་བསང་པོའི་ངང་ད་ལྟ་དངུལ་འདང་པ་མི་འདུག་ལབ་ནས་ཇ་ཁང་དུ་ཆུ་འཐུང་སར་ཕྱིན། དེར་ངས་ང་ཚོ་ཆུ་འཐུང་པའི་རིན་དུ་སྒོར་༥༥སྤྲད། ད་དུང་ངའི་སེམས་ནང་ཚན་རིག་དཔྱད་དེབ་དེ་བལྟ་འདོད་ཆེ་བས་རོགས་པ་ཚོ་ལ་དངུལ་ཡོད་མེད་དྲིས་དུས་ཁོང་ཚོས་ཀྱང་དངུལ་ཁྱེར་མི་འདུག

ངས་སླར་ཡང་དཔེ་ཚོང་ཁང་དེར་ཕྱིན་ནས་དངུལ་སང་ཉིན་སྤྲོད་ཆོག དེབ་ད་ལྟ་ཁྱེར་ཕྱིན་ན་འགྲིགས་སམ་ཞེས་དྲིས་དུས་དཔེ་ཚོང་མཁན་དེས་སང་ཉིན་གུང་སེང་རེད། ཁྱེད་ཀྱིས་དགེ་ཕྲུག་ཤིག་ད་ལྟ་གཏོང་ཤོག་ཟེར་ལན་བཏབ་བྱུང་བས་ངས་དངུལ་མ་སྤྲད་བར་དེབ་སྤྲོད་རྒྱུ་མ་ཡིན་པ་ཤེས། དེ་ནས་ངས་ཨུ་ཚུགས་མ་བྱས་པར་ལོག་ཕྱིན་པ་ཡིན། ༼ལམ་ཕྱེད་ཙམ་དུ་སླེབས་སྐབས་ངས་བསམ་བློ་གཏོང་དུས་ང་རང་དེབ་བལྟ་སྙིང་འདོད་ཐག་ཆོད་ནས་ངོ་ཚ་ཡང་བརྗེད་འདུག༽
ང་བསྡད་ས་ནས་དཔེ་ཚོང་ཁང་དེ་ཐག་རིང་པོ་ཡིན་པར་སོང་དགེ་ཕྲུག་གཏོང་བློ་བདེ་པོ་བྱུང་མ་སོང་ལ་ང་རང་ཡང་འགྲོ་རྒྱུ་ཁོམ་མ་སོང་། གནངས་ཉིན་ངས་དཔེ་ཚོང་ཁང་དེར་ཕྱིན་ནས་ཚན་རིག་དཔྱད་དེབ་དེ་ཉོ་ཁོ་ཐག་ཡིན་ན་དེ་དུས་ངོ་སྤྲོད་ཞིག་ཀྱང་བྲིས་ཡོང་ཞེས་ཟིན་བྲིས་སུ་བཏབ།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།