2010-05-14

སྐྱབས་འགྲོའི་བསླབ་བྱ་དང༌། ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ།

དང་པོ་སྐྱབས་འགྲོའི་བསླབ་བྱ་ལ། སོ་སོའི་བསླབ་བྱ་དང་ཐུན་མོང་གི་བསླབ་བྱ་གཉིས་ཡོད་པ་ལས།

༡༽སྐྱབས་གསུམ་སོ་སོའི་བསླབ་བྱ་ལ་དཀོན་མཆོག་གསུམ་སོ་སོ་ལ་སྐྱབས་སུ་འགྲོ་བས་བསླབ་བྱ་གསུམ་ལས།

༡ སངས་རྒྱས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་དང་རྒྱལ་བཙན་ཀླུ་ལ་སོགས་པར་སྐྱབས་སུ་འགྲོ་བར་མི་བྱེད་པ་དང༌། སྒྲུབ་ཕྱོགས་ནས་སངས་རྒྱས་ཀྱི་སྐུ་གཟུགས་འདམ་བག་དང་ཤིང་དང་རྡོ་སོགས་གང་ཞིག་ལས་བྱས་པ་དང༌། བཟོ་ལྟ་ངན་པ་ལྟ་བུ་དང་ཆག་ཧྲུལ་དུ་གྱུར་པ་ལྟ་བུ་ཅི་འདྲ་ཞིག་ཡིན་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་སམ་ཆ་འཇོག་བྱེད་དགོས་པ་ཡིན།

༢ ཆོས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་སྟེ། སྲོག་ལྡན་གང་ཞིག་ལ་སྲོག་གཅོད་པ་དང་བརྡུང་བརྡེག་བྱེད་པ་བལྟ་ཞོག ཐ་ན་བོང་བུར་འཁེལ་ལྕི་མོ་འགེལ་བ་ཚུན་བྱ་མི་རུང་བ་དང༌། སྒྲུབ་ཕྱོགས་ནས་བྱུང་ན་ཆོས་ཀྱི་ཡི་གེ་ན་གཅིག་དང་མ་བྱུང་ན་ཆོས་ཚིག་བཞི་ཡན་ཆད་ལའང་ཆོས་དཀོན་མཆོག་དངོས་ལྟར་གུས་པ་བྱ་དགོས་པ་སྟེ། ཆོས་ཚིག་བཞི་ཡན་ཡོད་པ་ས་མཐིལ་དུ་འཇོག་པ་དང་མི་གཙང་སར་འཇོག་པ་དང༌། ལྷམ་སོགས་དང་ལྷན་དུ་འཇོག་པའམ་འཁུར་བ་དང་ལུས་ཀྱིས་འགོམ་ཡུག་རྒྱག་པ་སོགས་མ་གུས་པ་སྤང་པར་བྱེད་པའོ།།

༣ དགེ་འདུན་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་གྲོགས་མུ་སྟེགས་པ་དང་མི་འགྲོགས་པ་སྟེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་མེད་ཅིང་སྐུར་འདེབས་བྱེད་པ་དེ་དག་དང་འགྲོགས་པར་མི་བྱེད་ལ། སྒྲུབ་ཕྱོགས་ནས་དགེ་འདུན་ནམ་རབ་བྱུང་གི་གོས་གྱོན་པའི་རྟགས་ཙམ་འཛིན་པ་ལའང་མི་གུས་པ་མི་བྱ་ཞིང༌། དགེ་འདུན་པའི་ན་བཟའ་དམར་སེར་ཙམ་ས་ལ་ལྷུང་བ་ལའང་གུས་པར་བྱས་ནས་ས་གཙང་སར་སྐྱེལ་བ་སོགས་བྱེད་དགོས་པའོ།།

༢༽ཐུན་མོང་གི་བསླབ་བྱ་ནི། ༡ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་ཡང་སྐྱབས་སུ་འགྲོ་བ་དང༌། ༢ དཀའ་དྲིན་དྲན་པའི་སྒོ་ནས་ཁ་ལག་དང་ཇ་སོགས་ཀྱི་ཕུད་ཀྱིས་མཆོད་པ་འབུལ་བ་དང༌། ༣ གཞན་ལ་དཀོན་མཆོག་གི་ཡོན་ཏན་བརྗོད་པ་སོགས་ཀྱིས་སྐྱབས་འགྲོ་ལ་འགོད་པ་དང༌། ༤ སྐྱབས་འགྲོའི་ཕན་ཡོན་དྲན་པའི་སྒོ་ནས་ཉིན་མཚན་ལན་དྲུག་ཏུ་སྐྱབས་འགྲོ་བྱེད་པ་དང༌། ༥ བྱ་བ་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ་དང༌། ༦ ཐ་ན་བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། དེ་ཡང་སྲོག་གི་དོན་དུ་སྐྱབས་འགྲོ་མི་གཏོང་བ་མ་ཚད། ཕན་ཚུན་གད་མོ་སློང་དུས་ཀྱང་སྐྱབས་འགྲོ་མི་གཏོང་བ་སྟེ། མནའ་སྐྱེལ་བ་ཚུན་དུའང་དཀོན་མཆོག་མི་གཏོང་བར་བྱེད་པའོ།།

གཉིས་པ་ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ་ནི།

༡ སངས་རྒྱས་དཀོན་མཆོག་ནི། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྐབས་གནས་མཐར་ཐུག་སྟེ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་བདག་ཅག་གི་སྟོན་པ་ལྟ་བུ་ཡིན།

༢ ཆོས་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་པའི་རྒྱུད་ཀྱི་ཡོན་ཏན་ཏེ། དེ་ཡང་འཕགས་པའི་གང་ཟག་གི་རྒྱུད་ཀྱི་ཉོན་མོངས་སོགས་སྤང་བྱ་སྤངས་པའི་བྲལ་བའམ་ཡོན་ཏན་དེ་འགོག་བདེན་དང༌། ཉོན་མོངས་སོགས་སྤང་བྱ་དེ་དག་སྤོང་བྱེད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུའི་མཁྱེན་པའི་ཡོན་ཏན་དེ་ལམ་བདེན་ཡིན། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་སངས་རྒྱས་ཀྱི་གསུང་རྣམས་བརྡར་བཏགས་པའི་ཆོས་དཀོན་མཆོག་ཡིན་ཀྱང་ཆོས་དཀོན་མཆོག་དངོས་མ་ཡིན།

༣ དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་སྟེ། མདོར་ན་འཕགས་པའི་གང་ཟག་ཉིད་དགེ་འདུན་དཀོན་མཆོག་ཡིན། དེ་ཡང་ལམ་ལ་སློབ་པའི་ཚེ་དང་པོར་ཚོགས་ལམ་དང༌། དེ་ནས་སྦྱོར་ལམ་གྱི་རྟོགས་པ་སྐྱེས་ཅིང༌། དེ་ནས་མཐོང་ལམ་གྱི་རྟོགས་པ་ནམ་སྐྱེ་བ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འཕགས་པའི་གང་ཟག་ཏུ་འགྱུར་པ་ཡིན།

སོ་སྐྱེ་སྟེ་འཕགས་པ་མིན་པའི་དགེ་སློང་གི་སྡོམ་ལྡན་བཞི་ཚང་བའིསྡེ་ལྟ་བུ་བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་ཡིན་ཀྱང་དགེ་འདུན་དཀོན་མཆོག་དངོས་མ་ཡིན། འོན་ཀྱང་བརྡར་བཏགས་པའི་ཆོས་དང་དགེ་འདུན་ལ་ཆོས་དང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་དགོས་པ་བསླབ་བྱའི་ཐད་དུ་བཤད་ཟིན་པ་ལྟར་རོ།།

ར་ས་ཕོ་ཉས་༢༠༡༠།༡།༡༢ཉིན་བྲིས།

3 comments:

  1. ཐོག་མ་དྲ་གྲོགས་རྭ་ཕོ་ལ་མཚམས་འདྲི་ཞུ།
    ཡི་གེ་ན་གཅིག་ལ་ཡང་དམ་ཆོས་དཀོན་མཆོག་གི་འདུ་ཤེས་འཇོག་དགོས་ཞེས་གསུངས་པ་དེ་ལ་དོག་འདྲི་འགའ་ཞིག་ཡོད་པས་སྐུ་ཉིད་ནས་ལན་ཞིག་གནང་རོག་ཞུ།
    ༡༽དེང་གི་ཆར་བོད་མིའི་ཁྲོད་དུ་བོད་ཡིག་རྣམས་གད་སྙིད་སོགས་སུ་གཡུག་རྒྱུ་ལ་ཏོག་ཙམ་འཛིམ་གྱི་ཡོད་ཀྱང་རྒྱ་ཡིག་དང་ལྷག་པར་དབྱིན་ཡིག་སོགས་མི་རིགས་གཞན་གྱི་ཡི་གེ་དེ་དག་གད་སྙིད་ནང་དུ་སྐྱུར་བ་དང་ཡང་ན་གཙང་མ་བཟོ་བྱེད་ལ་བེད་སྤྱོད་གཏང་གི་འདུག་པས་དབྱིན་ཡིག་སོགས་ཀྱང་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཇོག་དགོས་སམ་ཡང་བོད་ཡིག་གཅིག་པུ་ལ་དགོས་པ་ཡིན།
    ༢༽ མུ་སྟེགས་པ་རྣམས་དང་འགྲོགས་པར་མི་བྱ་ཞེས་པར་ཡང་འགྲོགས་གཏང་ལ་ཁྱད་པ་འདྲ་ཡོད་ན་མ་གཏོག་དེང་སང་འཛམ་གླིང་ཟླུམ་པོ་འདིའི་སྟེང་ཆོས་ལུགས་ཚང་མ་མཐུན་འབྲེལ་དགོས་པར་ནི་ཁ་ཚ་དགོས་ཐུག་ཡིན་པས་ཆོས་ལུགས་རྣམས་མཐུན་འབྲེལ་ཡོངས་བ་ཡང་ཆོས་ལུགས་དེ་དང་དེའི་ཁྱབ་ཁོང་ན་ཡོད་པའི་མི་དེ་དག་བསམ་ཚུལ་བརྗེ་ལེན་གྱི་མཚོན་པའི་འགྲོག་འགྲིས་ཐོག་ཡོང་དགོས་པ་ལས་འབྲེལ་མེད་དུ་གནས་ནས་མཐུན་ལམ་ཡོངས་ཐབས་མེད་པ་གསལ་པོ་རེད་འདུག་ལ། ལྷག་དོན་དུ་རང་རེའི་དབུ་ཁྲིད་བླ་ན་མ་འཆིས་པ་༧གོང་ས་མཆོག་གིས་ཀྱང་ཁ་ཆེ་ཆོས་དཔོན་གྱི་མཚོན་པའི་ཆོས་ལུགས་དེ་དག་གི་དབུ་འཛིན་རྣམས་དང་འགྲོག་འགྲེས་བྱས་ཐོག་ཕན་ཚུལ་བསམ་བློ་བརྗེ་རེས་བྱེད་ཀྱི་ཡོད་པ་མ་ཡིན་ནམ།
    ༣༽ སངས་ཀྱི་སྐུ་བརྙན་ལ་བཟང་ངན་མེད་པར་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་དགོས་ཞེས་པ་ཡང་དོག་པ་ཆེན་པོ་ཞིག་འདུག་སྟེ་དཔེ་ན་སྐུ་དེ་རང་ཉིད་ཀྱི་སངས་རྒྱས་མ་ཡིན་པར་ཚད་མས་ངེས་ཟིན་པ་ཞིག་ཡིན་ཀྱང་སངས་རྒྱས་དངོས་འདུ་ཤེས་འཇོག་དགོས་སམ། ག་སྲིད་དགོས་ན་ཚད་མ་དེ་དང་འཛིན་གཏང་དངོས་སུ་འགལ་བའི་རྒྱུ་མཚན་གང་ཞིག་དབང་ལས་འཛིན་པའི་འཛིན་པ་དེ་མངོན་གྱུར་དུ་སྐྱེ་ཐུབ་བམ། དཔེར་ན། མི་རྟགས་པ་རྟོག་པའི་ཚད་མ་རང་རྒྱུད་ལ་ཡོད་ན་དེའི་རྒྱུད་ལ་རྒྱུ་མཚན་གྱི་དབང་གི་འཛིན་པའི་རྟགས་འཛིན་སྐྱེ་མི་ཐུབ་པར་གཞུང་ལུགས་རྣམས་སུ་གསུངས་ཡོད་པ་མ་ཡིན་ནམ།

    དེ་ཙམ་ཡིན་ཡིག་ནོར་ཡོད་ན་དགོངས་དག་ཞུ་དག་བཅོས་བྱེད་ཁོམ་མ་བྱུང།

    ReplyDelete
  2. དྲ་གྲོགས་དགེ་འདུན་རྒྱ་མཚོ་ལགས།

    ཉིད་ནས་ཁོ་བོར་འཛེམས་ཟོན་མེད་པར་དྲི་བ་གནང་བར་ཐུགས་རྗེ་ཆེ་ཞུ། ཁོ་བོ་ངེས་དོན་གྱི་ལན་ཐེ་ཚོམ་ཀྱི་འཆིང་རྒྱ་བདེ་བླག་གཅོད་པར་ནུས་པ་ཞིག་ཞུ་སྤོབས་འབྲལ་ཡང་། རེ་ཞིག་བསམ་ཚུལ་ཙམ་ཞུས་ན།
    ༡༽ ད་ལྟའི་འཆར་སངས་རྒྱས་ཀྱི་བཀའ་བསྟན་ཡོངས་སུ་རྫོགས་པ་གནས་པའི་ཡི་གེ་ནི་བོད་གཅིག་པུ་ལྟ་བུ་ཡིན་པས། དབྱིན་ཡིག་དང་རྒྱ་ཡིག་སོགས་དང་མི་འདྲ་བར་ཆོས་དཀོན་མཆོག་གི་འདུ་ཤེས་འཇོག་དགོས་པ་འདྲ། བོད་ཡིག་ཇི་བཞིན་ལེགས་སྦྱར་གྱི་ཡི་གེ་ཡང་བགད་སྙིགས་སོགས་ཀྱི་ནང་གཡུག་ཏུ་མི་རུང་བསམས། ཡང་ན། ཡི་གེ་ན་གཅིག་ཡིན་ཀྱང་དཀོན་མཆོག་གི་འདུ་ཤེས་འཇོག་དགོས་གསུངས་པ་དེ་དམ་པའི་ཆོས་ཀྱི་ནང་ཚན་གྱི་ཡིག་འབྲུ་ལ་གོ་དགོས།
    ༢༽ མུ་སྟེགས་པ་དང་འགྲོགས་པར་མི་བྱ་གསུངས་པ་དེ་འདུལ་བྱ་དབང་རྟུལ་ལ་གོ་དགོས་པ་འདྲ། དཔེར་ན་དམ་ཆོས་འདུལ་བའི་ནང་སངས་རྒྱས་པའི་རབ་ཏུ་བྱུང་བས་ཕྱི་རོལ་པའི་གཞུང་ལ་བལྟ་བ་སྤྱིར་བཀག་ཀྱང་ཤཱ་རི་བུ་ལྟ་བུ་འདུལ་བྱ་དབང་རྣོན་པ་ཚོས་ངེས་པར་དུ་བལྟ་དགོས་པ་བཞིན་རེད་སྙམ། དེས་ན་༸ གོང་ས་མཆོག་ལྟ་བུ་ཆེད་ཁྱད་དུ་འཕགས་པའི་སྐྱེ་བོས་ཚོས་གནང་སྟངས་དེ་ཡིད་རངས་པའི་གནས་སུ་ཡོད།
    ༣༽ སངས་རྒྱས་ཀྱི་སྐུ་དངོས་མིན་པ་ཤེས་བཞིན་དུ་དེར་འདུ་ཤེས་འཇོག་པ་དགོས་པ་སྲིད་པ་ལ་དོགས་པ་མེད། དཔེར་ས་གཞི་ཐམས་ཅད་ཀེང་རུས་ཀྱིས་གང་བ་མིན་པ་སུས་ཀྱང་ཤེས་ཀྱི་ཡོད་ཀྱང་ཆགས་པའི་གཉེན་པོར་ས་གཞི་ཐམས་ཅད་ཀེང་རུས་གང་བའི་འདུ་ཤེས་ཀྱི་རྣལ་འབྱོར་བསྒོམ་དགོས་པ་ལྟ་བུ་ཡིན།

    ReplyDelete
    Replies
    1. དམ་ཆོས་འདུལ་བའི་ནང་གི་ལུང་དེ་ཁ་གསལ་ཡོད་ན་ཕན་འདོགས་ཆེན་པོ་འདུག་ལགས། དཔེ་ཆའི་མིང་ཙམ་བཀོད་ནས་ལུང་འདྲེན་མ་བྱས་ན་ཡིད་ཆེས་དཀའ་མོ་རེ་བ་ལགས།།

      Delete

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།