2010-05-13

མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས། ང་སུ་རེད་དམ།

༡ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོག་པར་མི་འདོད་ཅིང་།
ཚིག་ངན་གྱིས་རྣ་བ་དཀྲུག་པར་མི་འདོད།
འོད་སྣང་གིས་ངའི་མིག་གོང་ཧྲིལ་པོར་འགེབས།
དབུགས་རྔུབ་ཀྱི་རྒྱུ་བའི་སྒྲ་ཙམ་རྣ་བས་ཚོར།
དྲ་འདྲེན་གྱི་ལྒེ་ཁུང་ནང་འཚོལ་ཞིབ་ཀྱི་དྲ་བྱང་བླུག།
"ང་སུ་རེད་དམ"་འདི་ངས་འཚོལ་དགོས་པ་ཡིན།

༢ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
རྒྱ་ཟས་ཀྱིས་གོར་ལྕོག་འགེངས་ཤིང་།
རྒྱ་དངོས་ཀྱིས་གཡས་གཡོན་འགེངས།
ནིའུ་ཡོག་གི་ཤང་ཀའི་རྒྱ་ཟས་ཁང་འདི།
མི་མང་ཀྱིས་འདུ་འཛོམས་ཁང་ཆེན་དུ་གྱུར།
ངས་ "ང་སུ་རེད་དམ་" ཞེས་སྐད་རྒྱབ།
ལྷིང་འཇགས་ཀྱི་འཇིག་རྟེན་དཀྲོགས།
གྲོག་མ་ཞིག་ཀྱང་གཉིད་ལས་སད།

༣ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
དྲ་ཁང་ནང་བོད་རིགས་ཀྱིས་ཁེངས་ཤིང་།
གློག་ཀླད་ནང་རྩེད་འགྲན་gameགྱིས་ཁེངས།
ཕྱི་རོལ་དུ་ཐོ་རེངས་སྐར་ཆེན་གྱི་འོད་སྣང་འོག
ར་བཟི་ཁྱུ་ཞིག་མཉམ་འཛོམས་ཀྱི་གླུ་གཞས་ལེན།
ངས་ཁོང་ཚོར་དྲིས། "ང་སུ་རེད་དམ"

༤ མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།
སྡུག་སྐད་ཀྱི་ངུ་སྒྲས་རྣ་བ་བརྟོལ།
དྲང་བདེན་གྱི་འབོད་སྒྲས་ཁོར་ཡུག་འཁོར།
ཁྱི་སྤྱང་དང་ཝ་མོ་དགོད་པའི་རི་ཀླུང་ན།
མི་སྐད་ལ་སྙིང་པོ་ཅི། འོན་ཀྱང་།
ངས་སྐད་རྒྱབ། "ང་སུ་རེད་དམ"
ཨེའུ་ཨའུ།་་་་་་ཨེའུ་ཨའུ།་་་་་་
ཕལ་ཆེར་ནང་དོན་ལ་རི་བོང་ངམ་བོང་བུ་རེད་ཟེར་བ་འདྲ།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།