2010-05-13

སྦྲུལ་དང་། ཨ་མ།

སྔོན་ལུང་པ་ཞིག་ལ་ཨ་མ་ཞིག་ལ་བུ་བདུན་ཡོད། བུ་བདུན་གྱི་ཕ་ནི་སྔ་ས་ནས་འདས་ཟིན་སྟབས་ཁྱིམ་ཚང་གི་འཚོ་བ་ཨ་མ་རྐྱང་པར་བརྟེན་དགོས་ཀྱི་ཡོད། ཁྱིམ་ཚང་ནང་ལ་ཨ་མ་གཅིག་པུས་བུ་བདུན་གསོ་དགོས་པར་བརྟེན་ཉིན་རེ་ནས་ཉིན་རེ་བཞིན་ཁྱིམ་གྱི་འཚོ་བ་ཇེ་ཞན་ཇེ་ཞན་དུ་ཕྱིན་ནས་མཐར་གང་ཡང་ཟ་རྒྱུ་མེད་པར་བཀྲེས་སྐོམ་གྱིས་མནར་བའི་ཉིན་ཞིག་སླེབས། སྐབས་དེར་ཨ་མ་དེས་རང་གི་བུ་རྣམས་གྲོད་པ་ལྟོགས་པ་འཇོག་རྒྱུ་མ་བཟོད་པར་རང་གི་གཅེན་མོ་འབྱོར་ལྡན་ཞིག་གཤམ་གྱི་གྲོང་པའི་ནང་ཡོད་པ་དེའི་སར་ཕྱིན། གཅེན་མོའི་ནང་དུ་སླེབས་སྐབས་གཅེན་མོ་ནི་ལས་ཀ་གང་ཡང་མེད་པར་བག་མེད་ཀྱི་འཚོ་བར་རོལ་བཞིན་བསྡད་ཡོད། བུ་བདུན་གྱི་ཨ་མས་གཅེན་མོར་རང་གི་དཀའ་ངལ་རྣམས་བཤད་དགོས་བསམས་ཀྱང༌། གཅེན་མོས་མོ་མཐོང་མ་ཐག་ཨ་ཙི། ད་རིང་གཅུང་མོ་སླེབས་བྱུང༌། ད་དཔེ་ཡག་པོ་བྱུང༌། དེ་རིང་ང་གཉིས་ཁྲུས་བྱེད་དོ་ཞེས་ལབ་ནས་ལམ་སང་གཅེན་མོའི་དུག་ལོག་རྣམས་འཁྲུ་རུ་བཅུགས། དེ་ནས་ཕྱི་དྲོ་གཅེན་མོ་རང་གི་མགོ་བོའི་སྟེང་གི་ཤིག་རྣམས་སྒྲུག་ཏུ་བཅུགས། སྐབས་དེར་བུ་བདུན་ཡོད་པའི་ཨ་མ་དེས་རང་ཁྱིམ་དུ་ཡོད་པའི་བུ་བདུན་པོ་དེ་རྣམས་གྲོད་པ་ལྟོགས་པ་ཡིན་པ་དྲན་པས་རང་དབང་མེད་པར་མིག་ཆུ་ཤོར། མིག་ཆུའི་ཐིག་པ་གཅིག་གཉིས་གཅེན་མོའི་མགོ་བོའི་སྟེང་ཟགས་པས་གཅེན་མོས་དེ་གང་ཡིན་དྲིས་པར་ཨ་མ་དེས། ཆར་ཐིག་ཁ་ཤས་ལྷུང་བ་འདྲ་ལབ་པས། གཅེན་མོས་ཨ་ཁྱད་མཚར། གནམ་སྔོན་པོ་ལའང་ཆར་པ་རྒྱབ་ཀྱི་ཡོད་པ་རེད་ལབ། དེ་ནས་ས་མ་རུབ་ཙམ་ལ་གཅེན་མོ་དེ་རྩམ་པ་སྐྱོག་ཆུང་ཆུང་ཞིག་གང་ཙམ་སྤྲད་ནས་ལོག་བཏང་པ་རེད། རྩམ་པ་སྐྱོག་ཆུང་ཆུང་གང་གིས་བུ་བདུན་གྱི་གྲོད་པ་རྒྱགས་ཐབས་བྲལ་བར་སོང་ཨ་མ་དེ་ངུ་བཞིན་ངུ་བཞིན་ལམ་དུ་ཆས་པའི་སྐབས། ཟམ་པ་ཞིག་བརྒལ་དགོས་པ་དེའི་སྟེང་སྦྲུལ་ཤིན་ཏུ་ཆེན་པོ་ཞིག་ཉལ་ཡོད་པ་མཐོང་བས། ཨ་མ་དེས་བློ་ཁོག་ཆེན་པོའི་ངང་སྦྲུལ་དེའི་སར་ཕྱིན་ནས། ཀྱེ་ཧུད། ཚེ་སྔོན་ལས་ཀྱི་འབྲས་བུར་བདག་འཚོ་བ་ཤིན་ཏུ་སྐྱོ་བའི་ཁར་བུ་བདུན་གསོ་རྒྱུ་ཡོད་པས་ད་ལན་གཅེན་མོའི་སར་ཕྱིན་ཡང་རྩམ་པ་སྐྱོག་གང་ལས་མ་རགས། རྩམ་པ་དེ་ཙམ་གྱིས་ངའི་བུ་བདུན་པོ་གསོན་ཐབས་བྲལ་བས། སྦྲུལ་ཁྱོད་ལ་སྙིང་རྗེ་ཡོད་ན་ངའི་པང་དུ་ཡོང་རོགས། གལ་ཏེ་མེད་ན་ངའི་བུ་བདུན་པོ་ལྟོགས་སྐོམ་གྱི་མ་འཆི་གོང་ནས་ཁྱོད་ཀྱིས་ང་ཟ་རོགས་བྱོས། ལབ་པས། སྦྲུལ་དེས་ག་ལེར་ཨ་མ་དེའི་པང་པར་འཛུལ། ཨ་མ་དེ་ཤིན་ཏུ་དགའ་ནས་རང་ཁྱིམ་དུ་ཕྱིན་ནས་ཕྲུ་གུ་ཚོར་དེ་རིང་ཨ་མས་ཁ་ལག་བཟོ་རྒྱུ་ཁྱེར་ཡོད་ཞེས་ལབ་ནས་སྦྲུལ་དེ་དུམ་པོ་བདུན་དུ་གཏུབ་ནས་རྫ་ཁོག་ནང་བཙོས། གང་མཚམས་ནས་རྫ་ཁོག་ཁ་ཕྱེ་ནས་བལྟ་སྐབས་ད་གིན་གྱི་སྦྲུལ་གྱི་གཟུགས་པོ་དུམ་པོ་བདུན་དུ་གཏུབ་པ་དེ་དག་གསེར་རྡོག་རྡོག་བདུན་དུ་འགྱུར་ཡོད་པས་ཨ་མ་དེ་ཤིན་ཏུ་དགའ་བར་འགྱུར། དེ་ནས་ཉིན་ཞིག་བུ་བདུན་གྱི་ཨ་མ་དེ་གཟབ་འཆོར་ལེགས་པོ་ཞིག་སྤྲད་ནས་རང་གི་གཅེན་མོ་ཐུག་པར་ཕྱིན། གཅེན་མོས་རང་གི་གཅུང་མོ་སྐྱོ་པོ་དེ་ད་ཆ་ཕྱུག་པོ་ཆགས་པ་མཐོང་སྐབས་སེམས་ལ་མི་བཟོད་པ་ཆེན་པོ་བྱུང་ཡང་རྣམ་འགྱུར་གང་ཡང་མ་སྟོན་པར་རང་གི་གཅུང་མོ་ལ་ཐབས་མཁས་ཀྱི་སྒོ་ནས། ཇི་ལྟར་འབྱོར་བདག་ཏུ་གྱུར་པའི་བྱུང་བ་རྣམས་དྲིས་པས། བུ་བདུན་གྱི་ཨ་མས་དེས་སྦས་གསང་དང་གཡོ་རྒྱུ་གང་ཡང་མེད་པར་ཇི་བཞིན་བཤད། སང་ཉིན་དེ་གཅེན་མོ་དེས་འདོད་རྔམས་ཀྱི་མེ་ལྕེ་ཁོག་ཏུ་འབར་ནས་དུག་ལོག་སྙིང་པ་རྩབ་རལ་དེ་འདྲ་ཞིག་གོན་ཞིང་ལག་ཏུ་རྩམ་པ་ཉུང་ཉུང་ཞིག་འཁྱེར་ནས་གཅུང་མོ་ལ་སྦྲུལ་ཐུག་སའི་ཟམ་པ་དེའི་སྟེང་ངུ་བཞིན་ངུ་བཞིན་ཕྱིན་པས་སྔར་བཞིན་གཅེན་མོ་ལ་ཡང་སྦྲུལ་གཅིག་ཐུག །གཅུང་མོ་ཇི་བཞིན་ཁྱོད་ལ་སྙིང་རྗེ་ཡོད་ན་ངའི་པང་དུ་ཤོག གལ་ཏེ་མེད་ན་ང་ཟ་རོགས་བྱོས་ལབ་པས། སྦྲུལ་དེས་ཐེ་ཚོམ་མེད་པར་ཁ་གནམ་ས་བགྲེས་པ་ལྟ་བུ་ཞིག་གདངས་ནས་བཟས་སོ།།

སྨྲས་པ།

ཕན་སེམས་ཆུ་རྒྱུན་ཆད་གྱུར་ན། །

གཏོང་སེམས་སྦྱིན་པའི་ཟུངས་ཁྲག་སྐམ། །

འདོད་ཆགས་མེ་རླབས་ཁོག་ཏུ་འབར། །

གཏི་མུག་སྦྲུལ་གྱིས་ཟོས་པར་འགྱུར། །

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།