2010-05-14

ཆོས་གྲོགས་ལ་སྤྲིངས་པ། ཀ་བཤད།

ཀ་ཡེ་གསོན་དང་ཆོས་ཀྱི་གྲོགས་རྣམ་པ།

ཁ་སང་ནས་བཟུང་རྡོ་རྗེ་གདན་ཕྱོགས་སུ།

ག་ལེར་གསུང་ཆོས་སོགས་ལ་ཕེབས་འགྲོ་དུས།

ང་ཡི་སེམས་ཀྱིས་མ་བཟོད་གཏམ་འདི་ཞུ།


ཅ་དག་བྱས་ནས་རི་ལི་སོགས་ཀྱི་ནང༌།

ཆ་རྒྱུས་མེད་པའི་མི་ལ་རྟོན་པར།

ཇ་དང་བག་ལེབ་ལྟ་བུ་དཀར་ཟས་ལས།

ཉ་ཤ་ལ་སོགས་དམར་ཟས་སྤོང་ན་མཛེས།


ཏ་ཐ་ག་ཏའི་བསྟན་ལ་དམོད་དོགས་ཀྱིས།

ཐ་ན་འགྲུལ་སྐྱོད་ཚེ་ནའང་སྤྱོད་ལམ་བསྟེན།

ད་ལྟ་སྙིགས་ལྔ་བདོ་བའི་དུས་སྐབས་སུ།

ན་གཞོན་རྣམས་ཀྱིས་དེ་བས་གཟབ་པ་གལ།



པ་ཊ་ན་སོགས་གྲོང་འཁྱེར་བགྲོད་པ་ན།

ཕ་རོལ་མི་སར་འབྱོར་མདོག་བྱ་རྒྱུ་མེད།

བ་རྫི་བཞིན་དུ་གྲོགས་མང་རྗེས་ལ་སྙེགས།

མ་མཐར་གྲོགས་མེད་ཁྲོམ་ལ་མ་ཉུལ་ལ།



ཙ་རི་བསྐོར་དུས་གཅན་གཟན་གཏུམ་པོར་གཟབ།

ཚ་བ་འབར་དུས་བསིལ་བའི་རེག་པར་གཟབ།

ཛ་ཡའི་གནས་མཆོག་རྡོ་རྗེ་གདན་ལ་ནི།

ཝ་མ་ཝོ་ལ་འགྲོ་དུས་ཇག་པར་གཟབ།



ཞ་བོ་མིན་དུས་རྐང་པ་བདེ་མདོག་གིས།

ཟ་ཁང་ཚོང་ཁང་ལྟད་མོ་ཁང་ལ་སོགས།

འ་རེ་འུ་རེར་གང་སར་འགྲོ་འབེལ་ན།

ཡ་མ་ར་ཛའི་ཞལ་དུ་ཐོབ་ཡོང་ང༌།



ར་མ་ནི་ཡི་ཧ་ནུ་མན་ཐ་བཞིན།

ལ་ཀླུང་ག་སར་འགྲིམས་པའི་གྲོགས་པོ་ལ།

ཤ་ཚའི་གཏམ་གྱི་སྦྱོར་བ་འདི་ཐལ་བས།

ས་མཐར་སླེབས་ཀྱང་ཡིད་ལ་ཟུངས་ཤིག་ཨང༌།



ཧ་ཅང་དུས་ཚོད་རིང་པོ་མ་འགོར་བར།

ཨ་རོགས་ང་ཚོ་འཕྲད་རྒྱུ་ཡིན་འདུག་ན།

ཧ་ལམ་ལག་པ་སྟོང་མིན་ཙམ་ཞིག་གི

ཨ་དར་ང་ལ་རྔན་པའང་འཁྱེར་ཤོག་ཝེ།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།