2010-05-12

ཡིད་ཆེས་བདག་གི་སེམས་སུ་ཡོད།

སྙན་འཇེབས་དྲུག་ཅུའི་གསུང་དབྱངས་ཤིག་གིས་ཡིད་ཀྱི་ཁ་ལོ་སྒྱུར་བྱེད་པའི།།

འཇམ་གཉེན་ཕྱག་གི་འཁྲི་ཤིང་གསེབ་ནས་རྒྱུད་མངས་ལན་གཅིག་རབ་བརྐུས་ནས།།

རྒྱས་གྱུར་ཀུ་མུད་ཀེ་ལ་ཤ་དང་འོ་མའི་མཚོ་གཏེར་ལས་དཀར་བ།།

དྭངས་གསལ་ཡེ་ཤེས་མཁྱེན་བརྩེའི་མིག་ཀུན་རྒྱན་དུ་བཞེས་དེར་སྙིང་ནས་གསོལ།།



སྲིད་ཞིའི་གདུང་བ་མ་ལུས་སེལ་བའི་ཁྱོད་ཞལ་སྟོན་གྱི་ཟླ་བ་ལ།།

ཀུན་ནས་མཛེས་པའི་ཚ་ཟེར་མིག་གི་འོད་ཞགས་རླབས་ཕྲན་འཕངས་ཙམ་གྱིས།།

རབ་གདུང་ཡིད་ཀྱི་ཀུ་མུད་འཛུམ་བཞིན་རྣམ་དཀར་དང་བའི་པད་འདབ་གྲོལ།།

མཚན་མོར་བསྐྱོད་པའི་དུག་གསུམ་པོ་དག་ཅི་དགར་རྒྱུ་བའི་གོ་སྐབས་འཕྲོག།



སྟོང་གསུམ་ཁམས་བརྒྱའི་འཇིག་རྟེན་གང་དུའང་ཁྱོད་ཀྱི་དགྲ་ཡི་མིང་མེད་ཀྱང༌།།

དམིགས་མེད་ཐུགས་རྗེ་སྲེག་ཟའི་དཔུང་གིས་ཀླ་ཀློ་སྡེར་བཅས་མནར་གྱུར་པས།།

མི་བཟོད་སྒྲོ་འདོགས་ལྕེ་བརྒྱ་སྤྲུལ་ནས་ལོག་སྨྲའི་དུག་ཚོན་འཕངས་པའི་ལན།།

གཉིས་ཕན་ལམ་བཟང་མེ་ཏོག་སྦྱིན་འདི་སེམས་པ་དཔའ་ཆེན་པོའི་རང་མདངས་ཉིད།།



དེ་ཕྱིར་འཛམ་གླིང་ཞི་བདེའི་གླིང་དུ་ཁ་སྒྱུར་དེད་དཔོན་མཆོག་སྟེ་ཁྱོད།།

ཕྲ་ཞིབ་རིག་པའི་རྩལ་གྱིས་ཕྱུག་པའི་མཚན་རིག་པས་ཀྱང་བསྟོད་ཡུལ་ཁྱོད།།

འཁོར་འདས་འདམ་ལས་བགྲོད་པར་འདོད་པའི་ཆོས་པ་དག་གི་སྐྱབས་མགོན་ཁྱོད།།

ཁྱོད་ཉིད་འདྲ་བའི་ནམ་མཁའ་ཁྱོན་འདི་ཕྱེད་ཙམ་གང་ཡང་ཉུང་བར་སེམས།།



འོན་ཀྱང་བདག་ནི་མཐའ་ཡས་རྒྱ་མཚོ་ཕུལ་གྱིས་གཞལ་བར་བྱེད་པར་རམ།།

གངྒའི་ཀླུང་གི་བྱེ་མ་རྙེད་དག་རེ་རེར་བགྲང་ལ་མི་ངལ་ཡང༌།།

ལྷ་གཅིག་ཁྱོད་ཀྱི་དཔེ་ཟླར་འོས་ཤིག་སྲིད་པ་གསུམ་ན་འཚོལ་ཞིག་ཅེས།།

ཐོས་པར་གྱུར་ན་ཀླད་པ་ཟུང་ཡང་དུམ་བུར་འཐོར་སྙམ་ཁྱོགས་ལ་འཕྱང༌།།



དེས་ན་བདག་ལ་མིག་སྟོང་ཅན་གྱིས་འདྲེན་བྱེད་མཐའ་དག་གཡར་གྱུར་ཀྱང༌།།

ཁྱོད་མིན་ཁྱོད་འདྲ་ཁམས་གསུམ་གང་ནའང་རྙེད་པའི་རེ་འདུན་མ་མཆིས་པས།།

མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བྲལ་མེད་སྙིང་ནས་ལེགས་བཟུང་སྟེ།།

པོ་ཏ་ལ་རུ་ལན་གཅིག་ཁྲིད་པའི་ཡིད་ཆེས་བདག་གི་སེམས་སུ་ཡོད།།

དགུང་གྲངས་རེ་དགུར་ཕེབས་པའི་འཁྲུངས་སྐར་ཉིན།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།