2010-05-13

དགེ་ཚུལ་མ་ལ་ཕམ་འདྲའི་ཉེས་བྱས་དུ་ཡོད་དཔྱད་པ།

དགེ་ཚུལ་མ་ལ་ཕམ་འདྲའི་ཉེས་བྱས་དུ་ཡོད་དཔྱད་པ།

འགྲོ་ལ་ཐུགས་བརྩེ་རྗེ་བཙུན་བླ་མ་དང༌།
རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་མཁྱེན་པའི་གཏེར།
དམ་པའི་ཆོས་ལ་ཚངས་པར་སྤྱོད་པ་ཡི།
གྲོགས་བཟང་རྣམས་ཀྱིས་དགེ་ལེགས་ཤིས་པ་སྩོལད།

་ རྟོག་པ་དང་ལྡན་པ་གང་ཞིག་གིས་དགེ་སློང་ཕ་ལ་ཕམ་པ་བཞི་དང་དགེ་ཚུལ་ཕ་ལ་ཕམ་འདྲའི་ཉེས་བྱས་བཞིར་བཞག་པས། དགེ་སློང་མ་ལ་ཕམ་པ་བརྒྱད་ཡོད་པ་ལྟར་དགེ་ཚུལ་མ་ལའང་ཕམ་འདྲའི་ཉེས་བྱས་བརྒྱད་འདོད་དགོས་སམ་ཞེ་ན། དགེ་ཚུལ་ཕ་དང་འདྲ་བར་དགེ་ཚུལ་མའང་ཕམ་འདྲའི་ཉེས་བྱས་བཞི་ལས་ལྷག་པ་ཡོད་པ་མིན་པར་སེམས་ཏེ།
ཕམ་འདྲའི་ཉེས་བྱས་ནི། མཚོ་ཊིཀ་༧༧༩ལས། ཕམ་འདྲའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག་ལྟུང་བའི་ངོ་བོའི་ཆ་ནས་ཆང་འཐུང་བའི་ཁ་ན་མ་ཐོ་བ་མན་ཆད་ལ་ལྟོས་ཏེ་ཆད་པ་ལྕིར་རུང་བའོ། །ཕམ་འདྲའི་ཉེས་བྱས་འཆབ་བཅས་བསྙིལ་བ་དང་འཆབ་མེད་བསླབ་པ་བྱིན་དགོས་གཉིས་ཀ་ལ་བྱས་པའོ།། ཞེས་གསུངས་པས། ཕམ་འདྲའི་ཉེས་བྱས་ལ་བླངས་འདས་ཀྱིས་ཁྱབ་པར་གྲུབ་ཏེ། ལུང་དེའི་གོང་དེ་གར་བླངས་འདས་ཀྱི་མཚན་ཉིད་འཇོག་པ་ན། དེ་ཉིད་ལས། སྐབས་འདིར་བརྗོད་པའི་ལྟུང་བ་ཙམ་གྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། །ཞེས་གསུངས་པའི་ཕྱིར།
མ་ཟད་རིགས་པས་ཀྱང་སྒྲུབ་ཏེ། དགེ་ཚུལ་གྱི་ཕམ་འདྲའི་ཉེས་བྱས་ལ་བླངས་འདས་དང་ཕྱོགས་མཐུན་གཉིས་ལས་གཞན་དུ་འདའ་ས་མེད་པ་གང་ཞིག །ཕྱོགས་མཐུན་དུ་གཏན་མི་རིགས་པའི་ཕྱིར་བླངས་འདས་སུ་གྲུབ་བོ། །ཕྱོགས་མཐུན་དུ་མི་རིགས་པ་ནི་མདོ་རྩ་བ་ལས། དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིའོ། །ཞེས་ཕྱོགས་མཐུན་ལ་ཡིད་ཀྱི་བསྡམ་བྱར་གསུངས་ཞིང༌། ཕམ་འདྲའི་ཉེས་བྱས་ལ་ཡིད་ཀྱིས་གཤགས་པ་ཙམ་གྱིས་དག་ཏུ་མེད་པར་འཆབ་བཅས་བསྙིལ་བ་དང་འཆབ་མེད་བསླབ་པ་བྱིན་པར་མཚོ་མཆན་དུ་གསུངས་པ་གོང་དུ་དྲངས་པ་དེའི་ཕྱིར།
དེས་ན་དགེ་ཚུལ་མ་ལ་རེག་བཀན་ལ་སོགས་པའི་ཐུན་མོང་མིན་པའི་ཕམ་འདྲའི་ཉེས་བྱས་མཆིས་ན་བླངས་འདས་སུ་འདོད་དགོས་པས་དགེ་ཚུལ་མ་ལ་བླངས་འདས་བཅུ་བདུན་ཏུ་འགྱུར་ན། དེ་ནི་མི་རིགས་པའི་ཕྱིར་ཏེ། མཚོ་ཊིཀ་ཉི་མའི་འོད་ཟེར་༧༧༦ལས། ཆེ་ལོང་དུ་ཕྱེ་ན་དགེ་ཚུལ་ཕ་མ་ལ་བཅུ་གསུམ་དང༌། དགེ་སློབ་མ་ལ་ཉི་ཤུ་རྩ་ལྔ་ཡོད་དོ། །ཞེས་དང༌། འདུལ་བ་རྒྱ་མཚོ་སྙིང་པོར། སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །ཞེས་གསུངས་པའི་ཕྱིར།

རྟགས་གཞན་ཡང༌། དངོས་བླངས་ནི་མཁན་པོ་དང་སློབ་དཔོན་ལས་དངོས་སུ་བླངས་པ་ཡིན་ལ། ཐུན་མིན་གྱི་ཕམ་འདྲ་བཞི་ཁས་འཆེ་བའི་ཚིག་ཆོ་ག་ལས་དངོས་སུ་མ་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། དགེ་ཚུལ་ཕ་མའི་ཆོག་ག་འདྲ་བའི་ཕྱིར་ཏེ། ཀརྨ་ཤཱ་ཏམ་ལས། ཡོངས་སུ་དག་ནས་སྐྱབས་སུ་འགྲོ་བ་དང༌། དགེ་ཚུལ་ཉིད་དུ་ཁས་བླངས་པས་དགེ་ཚུལ་མར་ཉེ་བར་བསྒྲུབ་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་པ་ཡང་གྲུབ་སྟེ། ཕྲ་མ་ཚིག་རྩུབ་ངག་འཁྱལ་སྤོང་བར་ཁས་ལེན་པའི་ཚིག་ཆོ་ག་ལས་དངོས་སུ་མ་གསུངས་པས་དེ་གསུམ་དགེ་ཚུལ་ལ་སོགས་པ་གསུམ་གྱིས་སྤོང་བར་དངོས་སུ་ཁས་མ་བླངས་པར་མཚོ་ཊིཀ་ལས་གསུངས་པའི་ཕྱིར། མདོ་རྩ་མཆན་འགྲེལ་ལས་ཀྱང༌། དེའི་ཕྱོགས་དང་མཐུན་པ་ལས་འདས་པ་སྟེ་དགེ་ཚུལ་གྱིས་འབྱིན་རེག་བྱེད་པ་ལྟ་བུ་ལ་ནི་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་སུ་འགྱུར་བའོ། །ཞེས་ཕ་མ་དབྱེར་མེད་དུ་གསུངས་པའི་ཕྱིར་དགེ་ཚུལ་མས་འབྱིན་རེག་བྱེད་པ་ནི་ཕྱོགས་མཐུན་ལས་འདས་པའི་ཉེས་བྱས་ཡིན་པས་ཕམ་འདྲར་མི་རིགས་སོ།།

ཅི་སྟེ་དགེ་ཚུལ་མ་ལ་རེག་པའི་ཕམ་འདྲའི་ཉེས་བྱས་འཇོག་ན་དགེ་སློབ་མའི་བླངས་འདས་ཀྱི་སྐབས་སུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་གནོན་པ་དོན་མེད་པར་ཐལ། རེག་པ་ཉིད་སྔར་དགེ་ཚུལ་གྱི་སྐབས་ནས་བླངས་འདས་ཀྱི་ཉེས་བྱས་སུ་ཡོད་པའི་ཕྱིར་ཏེ། ཕམ་འདྲ་ལ་བླངས་འདས་ཀྱིས་ཁྱབ་པར་གྲུབ་ཟིན་པའི་ཕྱིར། ཡང་དགེ་ཚུལ་མས་རེག་པར་བྱེད་པ་བླངས་འདས་སུ་འདོད་པ་མི་འཐད་དེ། དེ་བསྡམ་བྱའི་ཉེས་བྱས་ཡིན་པའི་ཕྱིར་ཏེ། མཚོ་ཊིཀ་༢༠༢ལས་དེ་དག་ཀྱང་༼རྩ་བའི་ཆོས་དྲུག་དང་རྗེས་མཐུན་ཆོས་དྲུག༽དགེ་ཚུལ་མས་སྤངས་ཟིན་ཏོ་སྙམ་ན། དེ་དག་ལས་འདས་ན་འདས་ན་དགེ་སློང་མ་ལ་བཤགས་པར་འགྱུར་ཡང༌། དགེ་ཚུལ་མ་ལ་བསྡམ་བྱར་འགྱུར་བས། བཤགས་བྱ་ལ་འཛེམ་པའི་ཤེས་པ་སྐྱེ་བ་དེ་ཙམ་དུ་བསྡམ་བྱ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །ཞེས་དགེ་སློབ་མའི་ཚིག་གི་དགོས་དོན་དུ་གསུངས་སོ།།

དགེ་ཚུལ་མ་ལ་ཕམ་འདྲ་དུ་ཡོད་ཀྱི།
དཔྱོད་པ་ས་འབུའི་འགྲོས་ཀྱིས་འབུངས་པ་ལ།
དགེ་ལེགས་ཡོན་ཏན་འབུམ་གྱིས་བསྟམས་པ་ཡི།
དཔྱོད་ལྡན་རྣམས་ཀྱིས་ཁྲེལ་བར་མ་འཚལ་ཞུ།
འཛིན་གྲོགས་སྐལ་བཟང་དོན་འགྲུབ་ཀྱིས་མངགས་པ་ལས་ར་ས་བསྟན་ཕུན་དཔལ་གྱིས་ས་གླང་མགོ་ཟླ་བའི་ཚེས་༥ཉིན་བྲིས།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།