2010-05-13

སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ།

འདུལ་བའི་གཞུང་ལུགས་རྣམས་སུ་སྐྱ་རེངས་ཤར་བའི་དུས་ཉིན་སྔ་མ་འདས་ནས་ཉིན་ཕྱི་མ་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། འཇིག་རྟེན་གྱི་འགྲོ་ལུགས་ལྟར་ནའང་སྐྱ་རེངས་ཤར་ཟིན་པའི་རྗེས་ངོ་ཤེས་ཕན་ཚུན་ཕྲད་དུས་སྔ་དྲོ་བདེ་ལེགས་སམ་ཞོགས་པ་བདེ་ལེགས་ཞེས་གུས་ཞབས་ཞུ་གི་ཡོད། འོན་ཀྱང་དེང་སང་མང་པོ་ཞིག་གི་ཐོ་རེངས་དང་སྐྱ་རེངས་གཅིག་ཏུ་གསེས་ནས་ཐོ་རེངས་ཀྱི་ཚེ་ཉིན་མ་གསར་པ་ཞིག་ཤར་བར་ངོས་འཛིན་པ་དང་། དེའི་ཚེ་སྔ་དྲོ་བདེ་ལེགས་ཟེར་བའི་འཕྲིན་ཐུང་དེ་འདྲའང་གཏོང་གི་འདུག་ན།

ད་ལན་འདིར་དང་ཐོག་སྐྱ་རེངས་འཆར་དུས་བཤད་ནས་ཐོ་རེངས་སྐྱ་རེངས་མིན་པར་སྒྲུབ་པ་ལ། དང་པོ་སྐྱ་རེངས་འཆར་དུས་གཏན་ལ་ཕབ་ལ་གསུམ་ལས།


༡ ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ་ནི། ནམ་ལ་སྲོས་དང་གུང་དང་ཐོ་རེངས་ཀྱི་ཆ་གསུམ་དུ་བགོས་པ་ལས་ཐོ་རེངས་ལའང་ཆ་གསུམ་དུ་ཕྱེ་བའི་ཆ་དང་པོའི་ཕྱེད་ཙམ་ན་སྐྱ་རེངས་འཆར་བར་དགེ་སློང་མའི་རྣམ་འབྱེད་ལས་གསུངས་ཤིང་། བྱེ་བྲག་བཤད་མཛོད་ལས་མཚན་མོའམ་ནམ་གི་ལྔ་ཆ་ལུས་པ་ན་སྐྱ་རེངས་ཤར་བར་གསུངས། དེ་ཡང་དགེ་སློང་མའི་རྣམ་འབྱེད་ལས་སུམ་ཆ་ཉེ་བ་ལུས་ན་འཆར་བར་གསུངས་པ་ནམ་ཐུང་ངུའི་དུས་དང་། བྱེ་བཤད་ལས་ལྔ་ཆ་ལུས་པ་ན་འཆར་བར་གསུངས་པ་ནམ་རིང་བའི་དུས་སུ་གསུངས་པ་ཡིན་པས་འགལ་བ་མེད་པར་ཀུན་མཁྱེན་མཚོ་སྣ་བས་གསུངས་སོ།།

༢ མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ་ནི། འོད་ལྡན་ལས་སྐར་མའི་བསྟན་བཅོས་ཁུངས་སུ་དྲངས་པ་མཚོ་ཊིཀ་ལས།
སྐྱ་རེངས་དང་པོ་ཤར་ན་ནི།།
ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་།།
སྐར་མའི་གདོང་གི་འོད་ཟེར་ཉམས།།
ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན།།
ཞེས་པར་ལྟར་ཡིན་ཞིང་། འགྲེལ་ཆུང་དུ་སྐྱ་རེངས་ཀྱི་དབྱེ་བ་ལ་སྔོ་རེངས་དང་དམར་རེངས་དང་སེར་རེངས་གསུམ་ཞེས་ཀྱང་གསུངས་ན། སྔ་དྲོ་ནམ་མཁའ་ལ་ཉི་མའི་མདངས་ཕོག་ནས་སྔོ་སྐྱར་འགྱུར་བ་ན་སྐྱ་རེངས་ཤར་བ་བཞེད་དོ།

༣ མཐར་ཆུ་ཚོད་དུ་བཅད་ནས་རིགས་པས་གཏན་ལ་ཕབ་པ་ནི། ནམ་རིང་བ་སྟེ་ནམ་ཧྲིལ་པོར་ཆུ་ཚོད་བཅུ་གཉིས་ཡོད་པའི་དབང་དུ་བཏང་ནས་བྱེ་བཤད་ལྟར་བྱ་ན། འདི་ལྟར་ཆུ་ཚོད་བདུན་པ་ནས་ཉི་མ་བཞུད་ན་སྔ་དྲོ་ཆུ་ཚོད་༤།༣༠ཐོག་ནམ་གྱི་ལྔ་ཆ་བཞི་ཟད་ནས་ལྔ་ཆ་ལུས་པ་ཡིན་པས་སྐྱ་རེངས་འཆར་བ་དང་།
ཡང་། ནམ་དུས་ཐུང་བ་སྟེ་ནམ་ཧྲིལ་པོར་ཆུ་ཚོད་བཅུ་དང་ཕྱེད་ཙམ་ཡོད་པའི་དབང་དུ་བཏང་ནས་མའི་རྣམ་འབྱེད་ལྟར་བྱེད་ན། ཆུ་ཚོད་༣ཡོལ་ཙམ་ལ་ནམ་གྱི་དགུ་ཆ་བདུན་ཟད་ལ་ཉེ་བའམ་སུམ་ཆ་ཉེ་བ་ལུས་པ་ཡིན་པས་དེའི་ཚེར་སྐྱ་རེངས་འཆར་བར་འདོད་པར་སོང་ངོ་།།


མདོར་ན་རིགས་པས་བརྟགས་པའི་འབྲས་བུར། ནམ་དུས་རིང་ཐུང་དང་ཉི་མ་ཆུ་ཚོད་གང་དུ་བཞུད་མིན་སོགས་ཀྱི་ཁྱད་པར་མེད་པར་ཉི་མ་མ་འཆར་གོང་གི་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ཙམ་གྱི་ཚེ་སྐྱ་རེངས་འཆར་བར་འདོད་པ་དཔྱད་མཐར་སྒྲུབ་སྟེ། ནམ་རིང་ཐུང་གི་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བར་མི་རིགས་པས། ནམ་རིང་ཐུང་གཉིས་ཀར་སྐྱ་རེངས་ཤར་ནས་ནམ་མ་ལངས་བར་གྱི་དུས་ཡུན་མཉམ་པར་མཚོ་སྣ་བས་གསུངས་པ་བཞིན་ཡིན་པས་སོ། །དམིགས་བསལ་འཛམ་གླིང་གི་ལྷོ་བྱང་དུ་ཡོད་པའི་ལུང་པ་འགའ་ཤས་ཀྱིས་མ་ངེས་པ་ཡོད་པ་དེ་དག་ན་གོང་གི་ལུང་རིགས་དག་ལས་རིག་པ་ཤེས་པར་བྱ་དགོས་པའང་ཡོད་དོ།།

ཐོ་རེངས་སྐྱ་རེངས་སུ་འདོད་པ་འཁྲུལ་ཏེ། གོང་དུ་དྲངས་པའི་རྣམ་འབྱེད་ལས་ཐོ་རེངས་ཀྱི་ཆ་གསུམ་གྱི་དང་པོའི་ཕྱེད་ཙམ་ལ་སྐྱ་རེངས་འཆར་བར་གསུངས་པས་ལུང་གི་སྒྲུབ་བྱེད་དང་། བདག་ཅག་གི་སྟོན་པས་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་སྲོད་ལ་བདུད་བརྟུལ་གུང་ལ་མཉམ་པར་བཞག ཐོ་རེངས་སྦྱོར་དྲོད་ཡན་ཆད་ཀྱི་རྟོགས་པ་སྟན་ཐོག་གཅིག་ལ་སྐྱེས་པ་ཡིན་པས། ཐོ་རེངས་ཀྱི་ཚེ་སྐྱ་རེངས་ཤར་ཟིན་ན་དེའི་ཚེ་ཚེས་བཅུ་དྲུག་གམ་མར་ངོའི་ཚེས་ཤར་ཟིན་པ་ཡིན་པས། སྟོན་པ་སངས་རྒྱས་པའི་དུས་སྟོན་ཚེས་བཅུ་དྲུག་ཏུ་བྱ་དགོས་པར་ཐལ་བའི་རིགས་པའི་སྒྲུབ་བྱེད་ཡོད་པས་སོ། །དེས་ན་ཐོ་རེངས་ནི་སྐར་མའི་འོད་ཀྱིས་སྣང་བར་བྱེད་པ་དང་སྐྱ་རེངས་ནི་ཉི་མའི་མདངས་ཀྱིས་བྱེད་པ་ཡིན་སྙམོ།།

རྫོགས་སོ།།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།