2010-05-12

རྒྱུགས་སྤྲོད་ཀྱི་ཚོར་བ།

གཟི་བརྗིད་དང་དངངས་སྐྲག་ལྡན་པའི་རྒྱུགས་སྤྲོད་ཞིག་ལ་རོལ་དང༌།


༡ དགེ་ལུགས་རྒྱུགས་སྤྲོད་ཆེན་མོ།

དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་ཚང་མའི་ཤེས་གསལ་ལྟར་འཇིགས་སྐྲག་ཆེ་ལ་གཟི་བརྗིད་ལྡན་པའི་རྒྱུགས་སྤྲོད་ཞིག་ཡིན་ལ། གདན་ས་ཁག་ཏུ་ལོ་ངོ་བཅུ་བདུན་ཙམ་དཔེ་ཆ་བལྟས་པའི་རྗེས་གཞི་ནས་རྒྱུགས་སྤྲོད་དེར་ཞུགས་ཆོག་གི་ཡོད། འོན་ཀྱང་དམིགས་གསལ་ཆུང་ཆུང་ཞིག་ཡོད་པ་ནི་བརྗོད་མི་དགོས་པར་མང་པོ་ཞིག་གི་སེམས་ལ་ཁྲ་ལེམ་མེར་ཡོད། དགེ་ལུགས་རྒྱུགས་སྤྲོད་མཐར་ཕྱིན་པར་དུས་ཡུན་ལོ་ངོ་དྲུག་ཙམ་མ་མཐར་འགོར་གི་ཡོད་ཀྱང་སློབ་གཉེར་བ་ཁ་ཤས་ཀྱིས་ངོ་ལོ་བརྒྱད་འགོར་བའང་ཡོད་ལ་མ་འོངས་པ་ན་ལོ་ངོ་བཅུ་འགོར་བའང་ཡོད་ཆོག་པ་ཡིན། དགེ་ལུགས་རྒྱུགས་སྤྲོད་ཀྱི་དགོས་པའི་གཙོ་བ་ནི་ཕལ་ཆེར་གཉིས་ལྟ་བུ་རེད། སློབ་གཉེར་བའི་དགེ་འདུན་ཚོའི་སློབ་གཉེར་ཡར་རྒྱས་གཏོང་རྒྱུ་དང་ཤེས་ཡོན་ཆུ་ཚད་ཇི་ཙམ་ཡོད་མེད་ལ་ཚོད་དཔག་བྱ་རྒྱུ་དེ་ཡིན། དགེ་ལུགས་རྒྱུགས་སྤྲོད་ལོ་དང་པོ་གཉིས་ལ་བྲིས་རྒྱུགས་དགུ་དང་རྩོད་རྒྱུགས་ལྔ་ཡོད་ལ། བར་པ་གཉིས་ལ་བྲིས་རྒྱུགས་དྲུག་དང་རྩོད་རྒྱུགས་ལྔ། མཐའ་མ་ལ་བྲིས་རྒྱུགས་མེད་ལ་རྩོད་རྒྱུགས་ལྔ་ཡོད། དེ་ལྟར་མཐོང་ཚོད་ལ་རྒྱུགས་སྤྲོད་དེ་སྦྲུལ་གྱི་ལུས་པོ་བཞིན་དུ་མགོ་བོ་བོམས་ལ་མཇུག་མ་ཕྲ་བ་ལྟ་བུ་ཞིག་ཡོད་ཀྱང་དོན་དངོས་དེ་ལྟར་མིན་པར་ལོ་རིམ་དང་པོ་གཉིས་ཀྱི་སྐབས་སུ་བརྒྱ་ཆ་གསུམ་ཆ་གཅིག་གིས་འཕྲོད་ཐུབ་པ་དང༌། རྒྱུགས་སྤྲོད་བྱ་རྒྱུའི་གཞུང་ཚན་ཡང་བསྡུས་པ། བར་པ་གཉིས་ཀྱི་སྐབས་སུ་བརྒྱ་ཆ་ཕྱེད་ཀ་མ་ལོངས་ན་མ་འཕྲོད་པ་དང༌། གཞུང་ཚན་ཡང་ཤིན་ཏུ་རྒྱས་པོ་ཡོད། མཐའ་མ་གཉིས་ཀྱི་ཚེ་བྲིས་རྒྱུགས་མེད་ནའང་རྩོད་རྒྱུགས་སྐབས་མི་རེས་གཞུང་ཆེན་རེ་ལ་ཆུ་ཚོད་རེའི་རིང་རྟགས་བསལ་ངེས་མེད་ཅིག་སྒྲུགས་ནས་བརྒལ་བརྟག་བྱ་དགོས་པ་དང༌། བརྒྱ་ཆ་ཡང་ལྔ་ཆ་གསུམ་ཙམ་ལོན་པ་བྱེད་དགོས། བྲིས་མཚམས་འདིར་སླེབས་དོན་གྲུབ་ཚེ་རིང་གིས་ཤོག་ངོས་དེའི་ཟུར་ཞིག་ཏུ་ཨང་གི་དང་པོ་ཞིག་བཀོད་རྗེས་ཤོག་ངོས་སྟོང་པ་ཞིག་མདུན་ལྕོག་སྟེང་བཞག་སྟེ་མིག་གཉིས་ལྕོག་རྩེའི་སྒང་གི་དཔེ་གློག་དེར་བལྟས་ཤིང་དྲན་ཤེས་ཀྱི་མེ་ལོང་ངོས་ད་ལོའི་རྒྱུགས་སྤྲོད་སྐབས་ཀྱི་གནས་ཚུལ་ཞིག་ཕྱིར་དྲན་བྱུང༌།


༢ ཕྱིར་དྲན།

དོན་གྲུབ་ཚེ་རིང་གྱིས་དྲན་ཡག་ལ་ཁོ་རང་རྒྱུགས་སྤྲོད་དངོས་གཞི་མ་ཚོགས་པའི་སྔ་ཉིན་གྱི་ཚོགས་འདུའི་སྐབས་གྲོགས་པོ་ཞིག་གིས་བརྗོད་གསལ་ལ། ༼ཝ་ཡེ། ངའི་རོགས་པ་དེ་ཚར་སོང༌།༽ དོན་གྲུབ་ཚེ་རིང་གིས་ ༼ཨ། སུ་ གང་འདྲ་སེ༽ ཁོང་གིས་ ༼ངའི་རོགས་པ་ཨ་ར་ཅན་ཞིག་ཡོད་པ་ཁོང༌། ཉིན་འགའི་རིང་གཉིད་ཡག་པོ་ཁུག་མ་ཐུབ་པར་སོང་མདང་དགོང་རྒྱུགས་སྤྲོད་ནས་དགོངས་པ་ཞུས་སོང༌།༽ སྐབས་དེ་དུས་དོན་གྲུབ་ཚེ་རིང་གི་སེམས་སུ་ལོ་སྔོན་མར་རང་གི་ངོ་ཤེས་པ་ཞིག་གིས་རྒྱུགས་སྤྲོད་མ་ཟིན་གོང་ཙམ་དུ་དང་ཐོག་གཉིད་མ་ཁུག་པ་དང༌། ད་དུང་སྡུག་རུས ་བྱས་བསྡད་པས་དེ་ནས་ཁ་ལག་ཀྱང་ཟ་མ་ཐུབ་པའི་གནས་ཚུལ་བྱུང་བ་དེ་ལྷང་ལྷང་དྲན་པས་སེམས་ཁུངས་སུ་སྙིང་རེ་རྗེ་སྙམ། སྤྱིར་བཏང་རྒྱུགས་སྤྲོད་ཀྱི་སྔ་རྗེས་བར་གསུམ་དུ་སེམས་སུ་དངངས་སྐྲག་དང༌། ལུས་པོ་སྟོབས་ཞེན་པར་སོང་བ་དང༌། མཚན་མོ་གཉིད་མེད་པ་བཅས་ཀྱི་དཀའ་ངལ་ཕྲད་ནས་ན་མཁན་མང་པོ་རེད་ལ། ན་སྟངས་ཀྱི་ཚུལ་ལ་གློ་ནད་ངན་པ་དང༌། མགོ་ན་བ་དང༌། ཁ་ལག་ཟ་མི་ཐུབ་པ་དང༌། གཉིད་མ་ཁུག་པ་དང༌། གཟུགས་པོ་བྲིད་པ་དང༌། མཁྲིས་པ་རྒྱས་པ་སོགས་ཡོང་གི་ཡོད།


༣ འཛིན་གྲོགས་སླེབས་པ།

༼ཐག་ཐག་༽ ༼ཡར་ཕེབས་ཤོག སྒོ་ཕྱེ་བཞག་ཡོད༽ ཅེས་ལབ་པ་དང་དོན་གྲུབ་ཚེ་རིང་གི་འཛིན་གྲོགས་ཆོས་གྲགས་བཟང་པོ་བྲེལ་ཚུབ་ངང་ནང་དུ་འཛུལ་ཡོང༌། འོན་ཀྱང་ཁོས་སྐད་ཆ་མ་བཤད་པར་རྐུབ་སྟེགས་སྟེང་བསྡད་རྗེས་མགོ་བོ་ཐུར་དུ་གློད་དེ་དབུགས་རིང་ཞིག་བཏང༌། དོན་གྲུབ་ཚེ་རིང་གིས་ ༼ཡ་ ཁྱོད་ག་རེ་བྱས་སོང༌།༽ འཛིན་གྲོགས་ཆོས་བཟང་གིས་གདོང་པ་དམར་པོ་ཞིག་སྟོན་ཏེ། ༼ང་རྒྱུགས་འཕྲོད་ཡོད་ས་མ་རེད། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཞོགས་པ་ནས་སྦྱར་ཟིན་ན་ཡང་ད་དུང༌། དགོན་པ་ནས་ཁ་པར་སླེབས་མཁན་མི་འདུག་༽ལབ། དོན་གྲུབ་ཚེ་རིང་གིས་༼ཧུད་ ང་ལ་ཡང་ཁ་པར་སླེབས་མ་བྱུང༌། སོང་ཙང་སེམས་པ་རྐྱག་བསྡད་ཀྱི་འདུག་པས་རྩོམ་ཡིག་ཞིག་བྲིས་ཁུལ་བྱས་པ་ཡིན༽ལབ། ཆོས་བཟང་གིས་ ༼ཁྱོད་ད་སེམས་ཁྲལ་དགོས་མ་རེད།༽ཅེས་ངོ་བསྟོད་ཀྱི་སྐད་ཆ་བཤད། དོན་གྲུབ་ཚེ་རིང་གི་སེམས་སུ་ ༼སྨྱུ་གུ་མི་གཞན་གྱི་ལག་པར་ཡོད་ཙང་གང་བྱས་ཅི་ཤེས། མ་གཞི་སློབ་ཚན་གཞུང་རྒྱ་ཆེན་པོ་ཡིན་དུས་སོ་སོས་འགྲིགས་ཡོད་བསམས་ནའང་ནོར་བ་མང་པོ་ཡོང་གི་འདུག་ག་༽དྲན། འཛིན་གྲོགས་ཆོས་བཟང་གིས་ལག་པ་གཉིས་ཀ་གནམ་ལ་བརྐྱངས་ནས་ ༼ད་ཡིན་ན་རྒྱུགས་མ་འཕྲོད་ན་རྒྱུགས་སྤྲོད་ལ་ཡང་བསྐྱར་ཞུགས་ཀྱི་མིན། སྡུག་རྟགས་ངན་ན་སྲོག་དེ་ཡང་བསྐྱལ་ས་རེད་༽ དོན་གྲུབ་ཚེ་རིང་གིས་ ༼སྲོག་བསྐྱལ་དང་མ་བསྐྱལ་སོ་སོའི་ལག་པ་ལ་ཡོད་རེད། རྒྱུགས་མ་འཕྲོད་ནའང་སྲོག་བསྐྱལ་དགོས་དོགས་མེད། མ་གཞི་རྒྱུགས་སྤྲོད་མཇུག་མ་རྫོགས་གོང་གྲོངས་པ་དེ་འདྲ་བྱུང་ཡོད་ཀྱང་དེ་ཚོ་སོ་སོའི་ན་ཚས་བཟོ་པ་ལས་རྒྱུགས་སྤྲོད་ཀྱིས་བྱས་པ་མ་རེད།༽ ཡང་ཆོས་བཟང་གིས་ ༼འོ་ན་ད་ལོ་རྒྱུགས་སྤྲོད་སྐབས་སློབ་གྲོགས་ཤིག་གྲོད་ཁོག་བཤལ་ནས་ན་ཚ་ཨར་མ་བརྟེན་པ་ཡོད་ཀྱང༌། ད་དུང་རྒྱུགས་སྤྲོད་ཀྱི་ཆེད་སྡུག་རུས་བྱས་པས་མཐར་ཏོག་ཙམ་མ་གཏོགས་གྲོངས་གྲབས་བྱས་སོང་ང༌།༽ ༼དེ་ཁོ་རང་སེམས་ཆུང་དྲགས་པ་རེད།༽ཅེས་ལབ་གླེང་འགའ་བྱས་རྗེས། ཆོས་བཟང་གིས་རྐུབ་སྟེགས་སྒང་ནས་ཡར་ལངས་ཏེ་ ༼ད་འགྲོ༽ ༼ག་པར་༽ ༼མེཀ་ལོར་ལ་༽ ༼ག་རེ་བྱེད་དུ་༽ ༼དྲ་རྒྱའི་ནང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་བལྟ་བར་༽



༤ སེཡ་བྷར།


མེཀ་ལོར་གྱི་སེཡ་བྷར་ ༼སྤྱི་སྤྱོད་གློག་ཀླད་ཁང༌།༽ནང་སླེབས་དུས་གློག་ཀླད་ཆ་ཚང་ཁེངས་བསྡད་ཡོད་པས་སེཡ་བྷར་བདག་པོ་ངོ་སྲུང་སྟེ་རྐུབ་སྟེགས་རིང་པོ་ཞིག་གི་སྟེང་སྒུག་བསྡད། ཆོས་བཟང་གིས་དགོན་པར་ཁ་པར་ཐེངས་ཁ་ཤས་བཏང་ཡང་ལེན་གྱི་མེད། དེ་ནས་གང་འཚམས་ནས་སེཡ་བྷར་དེའི་འགྱངས་ངོས་སུ་ཆུ་ཚོད་ཞིག་བཀལ་ཡོད་པ་དེས་ ༼ཏང་ཏང་༽ ཞེས་ཆུ་ཚོད་དང་པོ་ཟིན་པའི་བརྡ་འརྡུང་བས་དོན་གྲུབ་ཚེ་རིང་གི་སེམས་སུ་འདི་ལྟར་དྲན་ཡོང༌། རྒྱུགས་སྤྲོད་མགོ་བཙུགས་ནས་ཉི་མ་ལྔ་དྲུག་ཕྱིན་པའི་མཚན་མོ་ཞིག་དོན་གྲུབ་ཚེ་རིང་རང་གི་ལག་པའི་ཆུ་ཚོད་ལ་གཅིག་བལྟ་སྐབས་ཆུ་ཚོད་དང་པོ་ཟིན་ཡོད་པ་ཤེས་པས་ལམ་སེང་གྲོགས་པོ་ཞིག་བསླང་བར་ཕྱིན། ༼ཝ་ཡེ་ཡར་ལོངས།༽ གྲོགས་པོ་དེས་ ༼ཨུ་ཧུ་ ང་ད་ལྟ་ཉལ་ཚར་ཙམ་ཡིན་པ་༽ ༼ཆུ་ཚོད་དང་པོ་ཟིན་འདུག་གཱ་༽ཞེས་དོན་གྲུབ་ཚེ་རིང་ཀྱིས་ལབ་པ་དང་གྲོགས་པོ་དེ་ལམ་སེང་ལངས་ནས་ ༼ཨ་ཁ་ ང་ཆུ་ཚོད་བཅུ་གཉིས་ལ་བསླང་རོགས་ལབ་པ་ཡིན་པ་༽ ༼ཁྱེད་རང་ཆུ་ཚོད་བཅུ་གཅིག་ལ་གཞི་ནས་ཉལ་སོང་ང་༽ ༼མ་རེད་ཆུ་ཚོད་གཅིག་མ་གཏོགས་ཉལ་ཡག་དུས་ཚོད་ཡོད་མ་རེད་༽ཅེས་གྲོགས་པོ་དེས་ལབ། དེ་ནས་དོན་གྲུབ་ཚེ་རིང་ཁོ་རང་ཆུ་ཚོད་གཉིས་ཙམ་ཉལ་བའི་རྗེས་ཆུ་ཁོལ་མ་ཞིག་ལེན་པར་འགྲོ་སྐབས་ཡང་ཁོའི་གྲོགས་པོ་གཞན་པ་ཞིག་རྐུབ་སྟེགས་སྟེང་ཙོག་ཙོག་བྱས་གཉིད་ཁུག་བཞིན་པ་མཐོང་བས་དོན་གྲུབ་ཚེ་རིང་གིས་ཁོ་གཉིད་དཀྲོགས་སྟེ། ཁྱོད་ཉལ་ལམ་དྲིས་དུས། གྲོགས་པོ་དེས་ ༼ཨུ་ཧེ། ཆུ་ཚོད་ག་ཚོད་རེད།༽ ༼ཆུ་ཚོད་གསུམ་དང་ཕྱེད་ཀ་རེད། ད་གཏོགས་ཙམ་ཉལ་ཤོག ཁྱོད་མདང་དགོང་ཉལ་མེད་པ་འདྲ༽ ༼མིན་ང་ཉལ་ན་ལངས་ཐུབ་ཀྱི་མ་རེད༽ཅེས་གྲོགས་པོ་དེས་ལབ། སང་ཉིན་དེར་འཛིན་གྲོགས་ཚོས་ཟེར་ཡག་ལ་མདང་དགོང་སློབ་གྲོགས་ཁ་ཤས་གཉིད་མི་ཁུག་པར་མཐར་གཉིད་སྨན་ཟ་དགོས་བྱུང་སོང༌། ཁ་ཤས་གཉིད་སྨན་ཟ་བའི་རྗེས་གཉིད་ཁུག་པས་དགའ་ཐག་ཆོད་འདུག་ཟེར༌།
༼ཝ་ཡེ་དགེ་ལགས། གློག་ཀླད་ཨང་༡༥པ་དེ་སྟོང་པ་ཆགས་སོང༌།༽ ཅེས་སེཡ་བྷར་བདག་པོ་དེས་ལབ་པ་དང་དོན་གྲུབ་ཚེ་རིང་ཕྱིར་དྲན་དེ་ལས་ད། ༼ངའི་འཛིན་གྲོགས་ཁོང་ག་པར་འདུག ཁོང་སྐད་བཏང་རོགས་བྱོས། ངས་གློག་ཀླད་ཤེས་ཀྱི་མེད།༽ ལབ་པ་དང་སེཡ་བྷར་བདག་པོས་ཕྱི་རོལ་དུ་མི་ཚོགས་ཁྲོད་ལྷགས་པ་འགམ་བཞིན་པའི་སྐུ་ཞབས་ཆོས་གྲགས་བཟང་པོ་སྐད་བཏང༌།

༥ གྲུབ་འབྲས།

www.gelugpauniversity.com ཞེས་དྲ་འདྲེན་ལྒེ་ཁུང་ནང་བྲིས་ནས་Enterཞེས་པ་དེ་གནན་པས་དགེ་ལུགས་གཙུག་ལག་སློབ་གཉེར་ཁང་གི་དྲ་རྒྱའི་ནང་འཛུལ་སོང༌། དེ་ནས་ཆོས་བཟང་གིས་གཅིག་གནན་པས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཤོག་ལྷེ་ཞིག་ཤར་ཡོང༌། ཆོས་བཟང་གི་ཤོག་ངོས་དང་པོའི་ནང་ཁོང་གཉིས་ཀྱི་མི་མཐོང་བ་དང་དགའ་ཐག་ཆོད་དེ་ ༼ཝའ། ལྟོས་དང་ཁྱོད་རྩེ་ཕུད་དང་པོ་རེད་འདུག ང་གསུམ་པ་རེད་ཤག༽ཅེས་སྐད་བསངས་ཆེན་པོས་ལབ། དོན་གྲུབ་ཚེ་རིང་གིས་ ༼གྲོགས་པོ། ང་གཉིས་རྩེ་ཕུད་ནང་ཅང་སླེབས་ཨེ་ཡོང༌། ཡག་པོ་ལྟོས་དང་༽ལབ་པས། གཞི་ནས་དྲ་ངོས་ཀྱི་མགོ་ལ་བལྟ་དུས་འདི་ལྟར་བྲིས་ཡོད།
༄༅། །ཕྱི་ལོ་༢༠༠༩ལོའི་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། སློབ་དཔོན་རྒྱུགས་ཚད་མ་ལོན་པ་རྣམས་ཀྱི་གྲུབ་འབྲས་བཞུགས་སོ།།


༦ རེ་སྒུག


དོན་གྲུབ་ཚེ་རིང་དང་ཁོའི་འཛིན་གྲོགས་ཆོས་བཟང་གཉིས་རྒྱུགས་ཚད་མ་ལོན་པ་ཤེས་འཕྲལ་སང་ཉིན་དེ་གར་དགོན་པར་ལོག་སོང༌། དོན་གྲུབ་ཚེ་རིང་ལ་ད་དུང་རེ་བ་ཆུང་ཆུང་ཞིག་ཡོད་པ་དེ་ནི་ཁོའི་ཡིག་ཚད་ལ་བསྐྱར་ཞིབ་བྱ་རྒྱུ་ཡོད་པ་དེ་ཡིན། ཁོའི་འཛིན་གྲོགས་དེ་གཞུང་ཚན་གཉིས་ནས་མ་འཕྲོད་པར་སོང་བསྐྱར་ཞིབ་བྱ་རྒྱུའི་ཐོབ་ཐང་མེད། འོན་ཀྱང་ཁོང་གཉིས་ཀ་ལོ་རྗེས་མར་ད་དུང་ལན་གཅིག་རྒྱུགས་སྤྲོད་དུ་ཞུགས་རྒྱུའི་གོ་སྐབས་ཡོད། སྤྱིར་བཏང་དོན་གྲུབ་ཚེ་རིང་གི་སེམས་སུ་རྒྱུགས་འཕྲོད་ཨེ་ཡོང་སྙམ་པའི་དོགས་པ་དེ་རྒྱུན་ལྡན་ནས་ཞེ་དྲག་ཡོང་གི་མེད་པས་ད་ལན་རྒྱུགས་ཚད་མ་ལོན་པ་མཐོང་དུས་སེམས་སུ་ཧོན་འཐོར་བ་ལྟ་བུའི་ཚོར་བྱུང༌། ཡིན་ཡང་ཁོ་རང་ལ་ད་ལེན་བསྐྱར་ཞིབ་བྱས་པ་ལས་རྒྱུགས་འཕྲོད་པ་ཡོང་རྒྱུའི་ཡིད་ཆེས་ཆེན་པོ་ཡོང་གི་ཡོད། ཡིན་ནའང་མཚམས་རེ་གལ་སྲིད་བསྐྱར་ཞིབ་བྱས་ཀྱང་ད་དུང་གྲུབ་འབྲས་མ་ཐོབ་ན། མུ་འཐུད་རྒྱུགས་སྤྲོད་དུ་ཞུགས་དགོས་སམ། ཡང་ན་དགེ་བཤེས་བཏང་ནས་དེང་རབས་ཀྱི་སློབ་སྦྱོང་ཞིག་བྱེད་དགོས་སམ། ཡང་ན་ཕ་ཡུལ་དུ་ཨ་མ་ཐུག་པར་འགྲོ་དགོས་སྙམ་ནས་སྡོད་ཀྱི་ཡོད། ར་ས་ཕོ་ཉས་༢༠༠༩ཟླ་༡༢ཚེས་༢ ལ་བརྩམས།

རྩོམ་པ་པོའི་མཆན། གོང་གི་སྒྲུང་གཏམ་དེ་ནི་ཁོ་བོས་རྟོག་བཟོ་བྱས་པ་ལས་དོན་དངོས་མི་སྒེར་ཞིག་གི་དངོས་བྱུང་ལོ་རྒྱུས་ཟིན་བྲིས་སུ་བགྱིས་པ་མིན།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།