2010-05-14

དབྱངས་ཅན་ལྷ་མོ། ༼སྙན་ངག་དཔེ་གསར།༽

མཁའ་དབྱིངས་སུ་ཟླ་བ།
མཚོ་ནང་དུ་པད་མ།
གདོང་དཀྱིལ་དུ་འདྲེན་བྱེད།
ཡིན་ནའང་། ལྷ་མི་ཐ་དག་གི་དབུས་ན་ཁྱོད་ཉིད་དེ།
དབྱངས་ཅན་ལྷ་མོ། ཤིན་ཏུ་མཛེས།
ངས་བར་མཚམས་མེད་པར་། ཡིད་ཤེས་ཀྱིས་གཡོ་བ་མེད་པར། མིག་ཟུང་ལ་ཕྱེ་འཛུམ་མེད་པར།
རྩེ་གཅིག་ཏུ། དབང་མེད་དུ། ཁྱོད་ལ་བལྟས།

ནགས་ཚལ་དུ་ཁུ་བྱུག་སྔོན་མོ།
ལྷ་གནས་སུ་དྲི་ཟའི་རྒྱལ་པོ།
ས་འདི་ན་ལཱ་ཏ་མང་གྷེ་ཤ
ཡིན་ནའང་། ས་གསུམ་གྱི་སྟེང་འོག་གང་དུའང་ཁྱོད་ཉིད་དེ།
དབྱངས་ཅན་ལྷ་མོ། ཤིན་ཏུ་སྙན།
ངས་ཉེ་རིང་མེད་པར། ཡིད་ཤེས་ཀྱིས་གཡེང་བ་མེད་པར། རྣ་བ་འགུལ་སྐྱོད་མེད་པར།
རྩེ་གཅིག་ཏུ། དབང་མེད་དུ། ཁྱོད་ལ་ཉན།

རྩེ་གཅིག་དབང་མེད་མིག་གིས་ཁྱོད་ལ་བལྟ།
རྩེ་གཅིག་དབང་མེད་རྣ་བས་ཁྱོད་ལ་ཉན།
རབ་མཛེས་དབྱངས་ཅན་ལྷ་མོའི་བཞིན་དཀྱིལ་དང་།
རབ་སྙན་དབྱངས་ཅན་ལྷ་མོའི་གླུ་དབྱངས་ལ།
དོན་ངོ་མ།
ཨ་ཕོ་ང་།
དགའ་ལེ་རེད།
ངུ་ལེ་རེད།
མོས་ལེ་རེད།
བསམ་པ་ཤོར་ནས།
གླུ་ལེན་ནི་རེད་ཀོ

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།