2010-05-14

ནེ་ཙོའི་ལོ་རྒྱུས་དྲན་པའི་དཔར།

དེ་རིང་གི་ཉིན་གུང་ཟ་མ་ཟོས་པའི་རྗེས་སྒེའུ་ཁུང་ནས་བལྟ་དུས་ཆུ་གཞོང་གི་ནང་བྱིའུ་འཇོལ་མོ་ཁྱོ་ཤུག་ཞིག་དང་བྱིའུ་མིང་མ་ཤེས་པ་ནེ་ཙོ་འདྲ་བའི་ཁྱོ་ཤུག་ཞིག་གི་ཆུ་འཐུང་བཞིན། སྐབས་རེ་ཆུ་གཞོང་ན་འཛུལ་ནས་ཆུ་བརྒལ་བ་ཡང་བྱེད་བཞིན་འདུག་པར་གཤམ་གྱི་དཔར་དེ་བླངས་པ་དང་སྦྲགས་དེ་འདྲ་ཞིག་དྲན་སོང་།



རྒན་བགྲེས་སྲོང་ཞིག་གིས་དེ་སྔོན་ང་ལ་ལོ་རྒྱུས་གསུངས་གསལ།
སྔོན་མ་༸རྒྱལ་བ་སྐུ་གོང་མའི་སྐབས་༸་རྒྱལ་བ་རིན་པོ་ཆེར་ཀོང་ཡུལ་ནས་ཡིན་པའི་ནེ་ཙོ་ཞིག་ཡོད། ༸རྒྱལ་བ་རིན་པོ་ཆེ་དགོངས་པ་མ་རྫོགས་ཙམ་གོང་ལ་ནེ་ཙོ་དེས་༸རྒྱལ་བ་རིན་པོ་ཆེར་ཀོང་ཡུལ་དུ་གུང་སེང་འགྲོ་རྒྱུའི་དགོངས་པ་ཞུས་པས། ༸རྒྱལ་བ་རིན་པོ་ཆེས་རིང་མིན་ཟླ་བ་གཅིག་གི་ནང་ཚུན་ཡར་ལོག་ཡོང་དགོས་གསུངས་ནས་དགོངས་པ་གནང་སྟེ་ནེ་ཙོ་དེ་ཀོང་ཡུལ་དུ་བཏང་གནང་པ་རེད། དེ་ནས་ཟླ་བ་གཅིག་ལྷག་ཙམ་རྗེས་༸རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་པས་ཨ་དྲུང་ཞིག་ཀོང་ཡུལ་དུ་ལན་བྱས་པར་འགྲོ་དུས་ཀོང་པོའི་ནགས་གསེབ་ནས་་་ཝེ་ཨ་དྲུང་ལགས། ཞེས་འབོད་པས་ཨ་དྲུང་དེས་ཕར་བལྟ་ཚུར་བལྟ་བྱས་པས་མི་གཅིག་ཀྱང་མ་མཐོང་བས་འགྲོ་གྲབས་བྱེད་དུས། ཡང་་ཨ་དྲུང་ལགས་ཞེས་འབོད་པས། ཨ་དྲུང་དེས་སུ་ཡིན་དྲིས་དུས། ང་ནོར་བུ་གླིང་ཁ་ནས་ཡིན། ༸རྒྱལ་བ་རིན་པོ་ཆེ་སྐུ་ཁམས་གང་འདྲ་འདུག་ཞེས་ཚུར་དྲིས་པས། ཨ་དྲུང་དེས་ནོར་བུ་གླིང་ཁའི་སྐུ་ངོ་འདྲ་ཞིག་རེད་བསམས་ནས། ༸རྒྱལ་བ་རིན་པོ་ཆེ་དགོངས་རྫོགས་ཀྱི་གནས་ཚུལ་བརྗོད་པས། ཨ་ཁ་་་ང་ལོག་རྒྱུ་ཕྱིས་དྲག་སོང་། ཞེས་ལབ་པས། ཨ་དྲུང་གིས་ཁྱེད་སྐུ་ངོ་སུ་ཞུ་མཁན་དེ་ཡིན་ནམ་ཞེས་བསྐྱར་དུ་དྲིས་དུས། ཤིང་སྡོང་རྩེ་ནས་ནེ་ཙོ་ཞིག་གིས་ང་ནོར་བུ་གླིང་ངའི་ནེ་ཙོ་ཡིན། ༸རྒྱལ་བ་རིན་པོ་ཆེས་གུང་སེང་ལ་བཏང་གནང་བྱུང་ལབ་པས། ཨ་དྲུང་དེ་ཧང་སངས་པ་རེད་གསུངས།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།