2010-05-12

ངེས་དོན་བསྟོད་པ།

གང་དག་སྲིད་པའི་བཙོན་རར་བསྡམས་པ་ཡི།།
མ་ལུས་འགྲོ་བའི་སྐྱབས་གཅིག་བཅོམ་ལྡན་མ།།
བརྩེ་ཉིད་རྫོགས་བྱང་གོ་འཕང་དམ་པ་ཡི།།
ཕུན་ཚོགས་རྒྱུ་ཡི་ཐོག་མ་དེ་ལ་འདུད།།


གང་ཞིག་འཛམ་གླིང་ཧྲིལ་པོ་རྡུལ་ཕྲན་དུ།།
བརླག་ཉེན་སྙིགས་མ་ལྔ་ཡིས་བདོ་བའི་དུས།།
ཉམ་ཐག་ལུས་ཅན་ཀུན་གྱི་མགོན་གཅིག་པུར།།
བྱོན་མཛད་སྙིང་རྗེའི་རང་གཟུགས་གང་དེར་བསྟོད།།


འཇིག་རྟེན་འདི་ན་འཁྲུག་རྩོད་མུ་གེ་ནད།།
མི་འདོད་རྒུད་རྒུ་ཆར་ལྟར་འབྱུང་བའི་གཞི།།
བྱམས་དང་སྙིང་རྗེ་གོམས་པ་མེད་ཉིད་དུ།།
འདི་ན་ཁྱོད་མིན་སུ་ཡིས་རབ་ཏུ་གསུངས།།


དེ་ཕྱིར་འཇིག་རྟེན་མིག་གཅིག་ཁྱོད་ཉིད་ནི།།
རང་སེམས་གོ་ལའི་ངོས་ལ་ཞི་བདེའི་དཔལ།།
དྲོད་སྣང་ཡོད་རྒུ་བྱིན་པའི་མགོན་མཆོག་ཏུ།།
གཟུར་གནས་དཔྱོད་ལྡན་སུ་ཡིས་བཀུར་མི་འགྱུར།།


གངས་རིའི་ལྗོངས་འདིར་པད་དཀར་འཆང་བའི་སྤྲུལ།།
སྲོང་བཙན་སྒམ་པོ་གེ་སར་རྒྱལ་ལ་སོགས།།
ཐུགས་རྗེའི་བདག་ཉིད་རྣམས་ཀྱང་དྲག་ཤུགས་ཀྱིས།།
བྱ་བས་འགྲོ་དོན་མཛད་པར་གྲགས་གྱུར་ནའང༌།།


ཁྱོད་ནི་རང་གི་རྒྱལ་འབངས་ལོངས་སྤྱོད་སོགས།།
མི་བཟད་བཙན་གྱིས་འཕྲོག་པའི་བརླང་སྤྱོད་ཀྱི།།
རྣམ་དཔྱོད་བློ་ཡི་མིག་ལྡོངས་དག་ལ་ཡང།།
ཆེ་ཆེར་གཅེས་པ་འཛིན་པས་ཤིན་ཏུ་རྨད།།


ལོག་པའི་ཡིད་ཅན་གང་གིས་ཁྱོད་ཉིད་ལ།།
སྨོད་གཤེ་མཚང་འབྲུ་སྡིགས་པ་ཅི་བྱས་ཀྱང༌།།
ཆ་རྫོགས་རྟ་བདུན་དབང་པོའི་དཀྱིལ་འཁོར་ལ།།
རབ་གླེན་རྔོན་པས་འཕངས་པའི་ཉག་ཕྲན་བཞིན།།


ཀྱེ་མ་ཁྱོད་ཀྱི་ཚངས་པའི་དབྱངས་ཀྱིས་ནི།།
རང་རྒྱུད་ཇི་ལྟར་མྱོང་བའི་སྟོབས་ཉིད་ལས།།
འཚེ་མེད་བྱམས་བརྩེའི་ངོ་བོ་ཕན་ཡོན་བཅས།།
གང་གསུངས་དེ་ཀུན་སུ་ཡིས་ཐོས་གྱུར་པ།།


དེ་ཡི་ཞེ་ལྡང་རྒོད་ཁའི་མེ་ཕུང་ཆེ།།
ཐམས་ཅད་དབྱིངས་སུ་ངང་གྱིས་ཞི་འགྱུར་ཞིང༌།།
བླ་མེད་དགེ་ཚོགས་ཀུན་གྱི་རྩ་བ་མཆོག།
སྙིང་རྗེའི་ས་བོན་བསྐྲུན་པ་དེ་ཡི་ཕྱིར།།


ཐུན་དྲུག་ཤ་ཁྲག་རུས་པར་རྔམ་པ་ཡི།།
དམུ་རྒོད་འཇིགས་རུང་མི་བསྲུན་གང་དག་ཀྱང༌།།
ཁྱོད་ཀྱི་ཞབས་དཀར་ཟུང་གི་པད་མོའི་འོག།
ཕྲ་རབ་རྡུལ་ཀྱང་མཆོད་པར་ཅིས་མི་འགྱུར།།


ཨེ་མ་གོ་ལའི་ཁྱོན་འདིར་མདོ་སྔགས་ཀྱི།།
ཡོངས་རྫོགས་རྒྱལ་བསྟན་འཕྱོ་བའི་ཆུ་གཏེར་ཆེ།།
ཁ་བ་ཅན་ཞེས་བྱ་བར་མགོན་ཁྱོད་ཀྱི།།
སྐྱེ་རབས་དུ་མས་རྗེས་སུ་བཟུང་གྱུར་ཅིང༌།།


ལྷག་པར་བསྟན་འགྲོའི་ཆགས་འཇིག་ངེས་དཀའ་བའི།།
ཉག་ཕྲའི་དུས་འདིར་དཀའ་བ་འབུམ་ཕྲག་གིས།།
ལྷོད་པ་མེད་པར་འཛིན་ཅིང་སྐྱོང་བ་ཡིས།།
གང་ཁྱོད་པད་དཀར་འཛིན་པ་དངོས་མིན་ཅི།།


གང་དག་དམ་པའི་ཆོས་ཀྱི་མིང་ཙམ་ཡང༌།།
རྣ་བས་མ་ཐོས་ལྟེ་ཁྲག་གངས་རིའི་སུལ།།
འཕོ་བར་བསྐལ་བས་མགོན་པོ་གང་ཉིད་ལ།།
ཤིན་ཏུ་ལྡང་ཡང་དེ་ལ་མཚར་དུ་ཅི།།


མ་བསྐུལ་གང་གི་ཞབས་རྡུལ་སྤྱི་བོས་ལེན།།
ཟབ་རྒྱས་དམ་ཆོས་འདུད་རྩིའི་རོ་མྱངས་པའི།།
གངས་སྐྱེས་གང་གིས་ཅུང་ཟད་ཞེ་འགྲས་པ།།
དེ་ལས་ངོ་མཚར་གྱུར་པ་གཞན་ཅི་ཞིག།


འོན་ཏང་རྒྱ་དམར་ཀླ་ཀློའི་མཆེ་སྡེར་དབར།།
སྲོག་གི་མྱུ་གུ་འཚོ་བའི་བོད་དམངས་རྣམས།།
རྐང་གི་ཁོང་ནས་ཁྱོད་ལ་སྐྱབས་མཆིས་པ།།
འོ་སྐོལ་གངས་ཅན་བོད་པའི་གཟི་བརྗིད་སྙམ།།


ཀྱེ་ཧུད་མ་རིག་མུན་པས་མིག་ཀུན་སྒྲིབ།།
དགྲ་གཉེན་ཆགས་ལྡང་དྲག་པོའི་འཐེན་ཁྱེར་བར།།
རང་དོན་ཡིད་བྱེད་བསམ་པའི་འདམ་རྫིང་དུ།།
མ་ལུས་བྱིངས་པ་བདག་ཀྱང་རིང་མོ་ནས།།


མཁྱེན་པའི་སྤྲིན་གྱིས་འཁྲིགས་པའི་ཆོས་སྐུའི་མཁར།།
བྱམས་བརྩེ་བྱ་དཀར་རྩེན་པའི་ཁྲི་སྟེང་ནས།།
ཡོད་དོ་འགྲོ་བའི་བདེ་སྡུག་གཟིགས་མཛད་པ།།
ཞི་བདེའི་དེད་དཔོན་ཁྱེད་ལ་སྐྱབས་འགྲོ་ཡང༌།།


ཡང་དག་རྟེན་འབྱུང་ལྟ་བ་མ་གོ་ཞིང༌།།
ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་མ་བརླན།།
ཐ་ན་མཆོག་གསུམ་དད་པའི་སྐྱབས་འགྲོ་ཡང༌།།
རྩ་བརྟན་བཅོས་མིན་ཞིག་ཀྱང་མེད་པ་སྐྱོ།།


འོན་ཏེ་མཆི་བདག་ཆུ་སྲིན་འབྱུང་གནས་སུ།།
དལ་མེད་རྒྱུ་བའི་ཚེ་སྲོག་གང་གཱའི་རྒྱུན།།
ཇི་སྲིད་གནས་པ་དེ་སྲིད་མགོན་ཁྱོད་ལ།།
བློ་སེམས་ཕྱོགས་པ་དེ་ཡང་ཡིད་རང་གནས།།


ཕྲར་འཇུག་འཆི་མེད་ལམ་དུ་མཚན་མོའི་མགོན།།
ཉིན་མོར་ཚ་ཟེར་ཨེཀ་ཛ་ཏིར་མིག།
དེ་བཞིན་རྒྱལ་བར་ཏོག་བཞིན་གངས་ཁྲོད་འདིར།།
ཇི་སྙེད་འགྲོ་ལ་མགོན་སྐྱབས་ཁྱོད་གཅིག་ཉིད།།


དེ་ཕྱིར་ཀུན་ཏུ་ཁྱོད་སྐུ་ཉིན་བྱེད་དབང༌།།
སྤྱི་སྒོས་གངས་ལྗོངས་བསྟན་འགྲོའི་མགོན་ཉིད་དུ།།
མི་ཉམས་བསྐལ་བརྒྱའི་བར་དུ་རབ་ཞུགས་པར།།
མི་སྨོན་གངས་ཕྲུག་དངོས་གནས་གང་ན་མཆིས།།


བདག་ཀྱང་གདུང་ཤུགས་དྲག་པོའི་རླབས་ཀྱིས་ནི།།
ལག་པའི་ཆུ་སྐྱེས་སྙིང་ཁའི་ཐད་ལ་ཟུམ་བཞིན།།
མགོན་ཁྱོད་མི་གཤིགས་ཞབས་པད་རྟོག་བརྟན་པར།།
མི་ཕྱེད་སྙིང་ནས་གསོལ་འདེབས་གྲངས་མེད་ཞུ།།


དེ་ལྟར་བསྟོད་པའི་ངག་གི་ཕྲེང་བ་འདིར།།
ཚིག་དོན་གཉིས་ནས་གོལ་ས་མང་ན་ཡང༌།།
འཕྱུག་པ་མེད་པའི་ལྷག་བསམ་སྨྱུག་རྩེ་ནས།།
གངས་ཕྲུག་བསྟན་ཕུན་དཔལ་གྱིས་བྲིས་པ་དགེ།


བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་རྟ་ཡི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཞིའི་ཉིན་མཁས་མང་བློ་གསལ་བྱེ་བའི་གླིང་གི་ཆོས་གྲྭ་པ་དགེ་སྦྱོང་བསྟན་ཕུན་དཔལ་གྱིས་སྟོན་པ་བཅོམ་ལྡན་འདས་འཚང་རྒྱ་བའི་གནས་སུ་གྲགས་པ་རྒྱ་གར་རྡོ་རྗེ་གདན་དུ་བྲིས་པ་དགེ་ཅིག་གུ།།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།