2010-05-14

པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་མདོར་བསྡུས།

བསོད་ནམས་ཡེ་ཤེས་ཚོགས་གཉིས་གོམས་པའི་མཐུས།།
གྲགས་པའི་དབྱར་རྔ་སྲིད་འདིར་སྒྲོག་པ་ཡིས།།
མཁས་གྲུབ་བྱེ་བའི་གདུལ་བྱ་སྐྲུན་མཁས་པ།།
རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།།

རྩོད་དུས་ཀྱི་པཎྚི་ཏ་ཆེན་པོ་མདོ་སྔགས་རབ་འབྱམས་པ་བསོད་ནམས་གྲགས་པ་ནི་སྤྱི་ལོ་༡༤༧༨ས་ཕོ་ཁྱིའི་ལོ་ལ་རྩེད་ཐང་དུ་ནང་པར་ལམ་པའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ཉིད་ནས་ཆོས་རྗེ་བསོད་ནམས་བཀྲ་ཤིས་ལས་དགེ་བརྙན་གྱི་སྡོམ་པ་མནོས་པས་མཚན་བསོད་ནམས་གྲགས་པའི་དཔལ་དུ་གསོལ། ཕྱིས་བྱང་སེམས་བདེ་མོ་ཐང་པའི་སྲས་ཆོས་རྗེ་སངས་རྒྱས་བཟང་པོ་དང་རིན་ཆེན་ཆོས་བཟང་གཉིས་ལ་ཚིག་སྔ་ཕྱིའི་རབ་བྱུང་གི་མཁན་པོ་ཞུས་ཏེ་དགེ་ཚུལ་དང་བརྙན་རྫོགས་རིམ་པ་བཞིན་མཛད། གསང་ཕུ་ཉི་མ་ཐང་དང་། ཆོས་གྲྭ་ཆེན་པོ་སེར་ར་ཐེག་ཆེན་གླིང་དུ་སློབ་གཉེར་མཛད་ཅིང་། སེ་རར་ཡོངས་འཛིན་ཆེན་པོ་འཇམ་དབྱངས་དོན་ཡོད་དཔལ་ལྡན་དགུང་ལོ་ཉེར་བདུན་གྱི་བར་དུ་བསྟེན་ནས། ཚད་མ་མདོ། རྣམ་འགྲེལ། རྣམ་ངེས། རིགས་ཐིག མདོ་རྩ། ཕར་ཕྱིན། མངོན་པ་གོང་འོག རྩ་འཇུག གཞི་གསུམ་རྒྱུད་བླ། སྤྱོད་འཇུག དྲང་ངེས་རྣམ་འབྱེད། སྟོང་ཐུན། བྱང་ཆུབ་ལམ་རིམ། བསླབ་བྱ་ཆེ་ཆུང་། གཞི་གསུམ་ཆོ་ག་སྒྲུབ་བསྟན་བྱི་དོར། སོགས་གཞུང་ལུགས་མཐའ་ཡས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་རྩེད་ཐང་དུ་རབ་འབྱམས་གྲྭ་སྐོར་མཛད། རྒྱུད་སྟོད་དུ་རྡོ་རྗེ་འཆང་ཆོས་ལྡན་བློ་གྲོས་བསྟེན་པས་སྔགས་ལའང་མཁས་པ་ཆེན་པོར་གྱུར་ཏེ་རྒྱུད་སྟོད་པའི་འཆད་ཉན་ལོ་བཅུ་བཞི་མཛད། དགུང་ལོ་སོ་དྲུག་པ་ལ་གསང་འདུས་བསྐྱེད་རྫོགས་ཀྱི་ཊིཀ་ཆེན་བརྩམས། རྗེ་དགེ་འདུན་རྒྱ་མཚོ་ལས་ཆོས་མང་དུ་གསན་ཅིང་རྗེ་གང་གི་བཀས་ནན་གྱིས་སྐུལ་བས་འབྲས་སྤུངས་བློ་གསལ་གླིང་གི་འཆད་ཉན་པ་མཛད་ནས་ལོ་གཅིག་སོང་བ་ན་ཤར་པ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་ང་གཉིས་ལ་དགའ་ལྡན་ཁྲིར་ཕེབས། དགུང་ལོ་ང་བརྒྱད་ལ་འབྲས་སྤུངས་ཀྱི་ཁྲིར་ཕེབས། ༸རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོའི་གཙུག་ཕུད་བཞེས་པ་དང་མཚན་གསོལ་ཞིང་ཡོངས་འཛིན་མཛད། དགུང་ལོ་དོན་བཞི་ལ་ཕེབས་སྐབས་འབྲས་སྤུངས་གཟིམས་ཁང་གོང་དུ་ཟུར་ཞུགས་གནང་། དགུང་ལོ་དོན་བདུན་པ་སྤྱི་ལོ་༡༥༥༤ཤིང་སྟག་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་རེ་ཞིག་དགོངས་པ་ཞིང་གཞན་དོན་དུ་གཤེགས་སོ། །དངུལ་གདུང་འབྲས་སྤུངས་སུ་བཞུགས་སོ།།

བརྩམས་ཆོས་ལ། གཞུང་ཆེན་བཀའ་པོད་ལྔའི་མཐའ་དཔྱད། དབུ་ཕར་སྤྱི་དོན། གསང་འདུས་བསྐྱེད་རྫོགས། རྒྱུད་བླའི་ཊིཀྐ། རྒྱུད་སྡེ་སྤྱི་རྣམ། དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་པ། ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྒྱལ་རབས་འཕྲུལ་གྱི་ལྡེ་མིག ཀུན་བཏུས་དང་ཀུན་གཞི་དཀའ་འགྲེལ་སོགས་ཚིག་དོན་ཕུན་གསུམ་ཚོགས་པ་དེ་འདྲ་མང་དུ་མཆིས།

སྐྱེ་རབས་ཀྱི་ཕྲེང་བ། རྒྱ་གར་དུ་སློབ་དཔོན་སེང་གེ་བཟང་པོ་དང་། ཡོན་ཏན་འོད་དང་། བོད་དུ་ཁ་ཆེ་པཎ་ཆེན་ཤཀྱ་ཤྲི་དང་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐུ་སྐྱེར་ཞལ་གྱི་བཞེས་པ་ཡིན་ཞིང་། ཕྱིས་ཡང་སྲིད་ལ། སྐུ་ཕྲེང་གཉིས་པ་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་བཟང་པོ། དེའི་ཡང་སྲིད་དུ་སྤྲུལ་སྐུ་ངག་དབང་བསོད་ནམས་དགེ་ལེགས་བྱོན།

དེ་ནས་བཻཌཱུརྱ་སེར་པོ་ལས་གང་ཁ་ས་པའི་ནང་སོ་གྲོ་ལྷུག་ཐོག་མར་༸ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུ་ཡོང་དུ་རེ་ཡང་རྗེས་སུ་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ་བྱས་པས་མཐར་སྐྱེ་གནས་ཀྱང་མི་བཟང་བར་གྱུར་ཏོ། །ཞེས་གསུངས་པ་བཞིན་ཡང་སྲིད་ལོག་པ་ལམ་དུ་སོང་བ་ལས་སྐུའི་སྐྱེ་རབས་ཀྱི་ཕྲེང་བའི་རྒྱུན་ཡོངས་གྲགས་སུ་མ་འཚལ་ལོ།།

པཎ་ཆེན་དེའི་གསུང་ལ་ཆེད་མངགས་སློབ་གཉེར་བྱེད་མཁན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། ར་སྟོད་གྲྭ་ཚང་། ཀིརྟི་དགོན་པ། རྒྱུད་སྟོད་གྲྭ་ཚང་། རྡ་སའི་རིག་སློབ་སློབ་གྲྭ་སོགས་མང་པོ་ཡོད་དོ།།

ས་གླང་མགོ་ཟླ་བའི་ཚེས་བཅུ་བཞི་སྟེ་པཎ་ཆེན་དེ་ཉིད་ཀྱི་དགོངས་རྫོགས་ཀྱི་མཆོད་སྤྲིན་དུ་བྲིས་སྤེལ་བྱས།

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།