2010-05-14

ཟླ་བའི་ལྷ་མོ་དང་ཨ་ཁུ་རི་བོང༌། ༡

༡༽

༄༅། །སྔོན་ཟླ་བའི་དཀྱིལ་འཁོར་གྱི་ནང་ཟླ་བའི་ལྷ་མོ་ཞེས་པ་སྐུ་གཟུགས་སྡེམ་སྡེམ་དཁྱུག་པ་བཞིན་རས་མཚར་དུ་ངར་བ། བལྟས་པ་ཙམ་གྱིས་སྐྱེ་བོ་ཀུན་གྱི་ཡིད་དབང་འགུག་ནུས་པ་ཞིག་ཡོད། ལྷ་མོ་ཁོང་ལ་གཅེས་པའི་བུ་ཕྲུག་ལྟ་བུ་བྱམས་སྐྱོང་དང་བརྩེ་དུང་བཅང་ས་ནི་རི་བོང་གཅིག་རང་ཡོད་པ་དེ་ཡིན། རྒྱུན་དུ་ཟླ་བའི་ལྷ་མོ་བཅམ་བཅམ་དང་སྦྲགས་ཟླ་བའི་སྐྱེས་ཚལ་དུ་ཕེབས་དུས་མི་ཡུལ་ལ་ཡང་ཡང་གཟིགས་ཀྱི་ཡོད། ཉིན་ཅིག་ཟླ་བའི་ལྷ་མོས་ཟླ་བའི་སྐྱེས་ཚལ་ནས་མི་ཡུལ་དུ་གཟིགས་པའི་སྐབས་པང་དུ་ཡོད་པའི་རི་བོང་གི་མིག་ནས་མིག་ཆུའི་ཐིགས་པ་རེ་གཉིས་བྱུང་སྟེ་ཟླ་བའི་ལྷ་མོའི་ཞབས་སོར་གྱི་སྟེང་དུ་བབ་པས། ཟླ་བའི་ལྷ་མོས་རི་བོང་དེ་བྲག་རྡོ་ཆུང་ཆུང་ཞིག་སྒང་བཞག་ནས།
ཚུར་ལ་གསོན་དང་ཁོག་པའི་སྙིང་འདྲ་བ།།
བློ་ལྡན་རི་བོང་གཞོན་ནུ་ཅི་བྱས་སམ།།
དམར་ཆུང་མིག་ནས་མཆི་མ་གཏོང་བ་དེར།།
སེམས་ལ་སྡུག་བསྔལ་ཡོད་པར་ཐེ་མི་ཚོམ།།ཞེས་གླུར་བླངས་པས།
རི་བོང་གིས།
བདག་ལ་བྱམས་སྐྱོང་གནང་བའི་ལྷ་མོ་ལགས།།
ཁྱོད་སར་ཡུན་གཅིག་བསྡད་པས་སྡུག་ཀུན་ཞི།།
འོན་ཀྱང་འཛམ་བུ་གླིང་གི་ས་དེ་ན།།
ཉམ་ཐག་ལྟོགས་གྲིས་ཤི་བར་ང་མ་བཟོད། །ཞེས་ལན་འདེབས་པར། ཟླ་བའི་ལྷ་མོ་ཡིད་མ་ཆེས་པར།
རྣ་བ་ལེགས་པར་གཏོད་དང་གཅེས་ཕྲུག་ལགས།།
མ་གི་འཛམ་བུ་གླིང་ན་འབྲུ་ཡིས་ཁེངས།།
ཤ་མར་ཐུད་སོགས་སྤྱད་ནས་མི་རྣམས་རྒྱག།
ད་དུང་སྣ་ཡི་བུག་ཁ་དག་ཏུ་ཡང༌།།
དུ་ཐལ་འཐེན་བཞིན་འདུག་པ་མ་མཐོང་ངམ།།ཞེས་གསུངས་ནས་མགོ་ལ་བྱུར་བྱུར་བྱས། རི་བོང་གིས་ཐལ་མོ་སྦྱར་ནས།
ཀུན་གཟིགས་ལྷ་མོ་ཁྱེད་ཀྱི་གསུངས་བདེན་ཀྱང༌།།
རྩེ་ཤིང་ལོ་འདབ་སྒྲིབ་པའི་ནགས་ཚལ་དུ།།
ཉམ་ཆུང་ཝ་དང་ཁྱི་སྤྱང་བྱི་ལ་སོགས།།
ལྟོགས་པའི་སྡུག་བསྔལ་དམྱལ་བའི་མཐིལ་ལ་འགྲན།།བརྗོད་ནས་ངུས་པས། ལྷ་མོས་ཀྱང་རི་བོང་གི་སེམས་པ་ལ་ཤ་ཚ་ཞིང༌། རི་བོང་གི་འདོད་དོན་རྟོགས་ཕྱིར།
རིང་ནས་འདྲིས་པའི་གཅེས་ཕྲུག་རི་བོང་ལགས།།
བདག་ལ་མ་གསང་དྲང་པོའི་གཏམ་གསུངས་ཤིག།
མ་གི་གླིང་ན་ལྟོགས་པས་མནར་བ་ལ།
ཁྱེད་ཀྱིས་ཐབས་གང་ཞིག་གིས་ཐར་བར་བསམ།།ཞེས་དྲིས་དུས། རི་བོང་གིས།
ཐུགས་འཚབ་མ་གནང་བདག་གི་ལྷ་མོ་ལགས།།
ཡིད་འོང་སེམས་ཅན་འདི་བདག་དོན་དུ་ནི།།
བདག་གི་ལུས་དང་སྲོག་ཀྱང་གཏོང་བ་ལ།།
སོམ་ཉི་མེད་པས་ད་ལྟ་ཉིད་དུ་འགྲོའོ།།ཞེས་ཟླ་བའི་དཀྱིལ་འཁོར་ནས་འཛམ་བུ་གླིང་དུ་འཆོང་གྲབས་བྱས་པས། ཟླ་བའི་ལྷ་མོས་མ་བཟོད་པར་རི་བོང་བཟུང་སྟེ།
ང་ཡི་གཅེས་ཕྲུག་ལོ་ལོ་ཚུར་ལ་གསོན།།
ང་གཉིས་བྲལ་ན་དེ་ཡི་སྡུག་བསྔལ་ནི།།
ལྟོགས་གྲིར་ཤི་བས་འཆར་ཡང་ག་ལ་ཕོད།།
དེ་ཕྱིར་འདི་ན་བཞུགས་ཤིག་ངའི་གཅེས་ཕྲུག།ཞེས་བརྗོད་པས་རི་བོང་ཡང་རེ་ཞིག་ཁ་སྐྱེངས།

༼མུ་འགོད།༽

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།