2010-05-14

དོན་འགྲུབ་རྒྱལ་དང་ར་ས་ཕོ་ཉས་གླེང་བ།

ད༽
ཀྲུང་གོ་གསར་པའི་རྒྱལ་ཁབ།།
མཁའ་ལ་ཉི་མ་ཤར་འདྲ།།
རྒྱ་བོད་མི་རིགས་མཐུན་སྒྲིལ།།
ས་ལ་པད་མོ་རྒྱས་འདྲ།།
ར༽
ཀྲུང་གོ་སྲིད་གཞུང་ངན་པ།།
མཁའ་ལ་ཐོ་བ་མེ་འབར།།
རྒྱ་བོད་མི་མང་ཚང་མའི།།
སྒལ་པ་འཚིག་རིལ་བཏང་བྱུང་།།


ད༽
ཏང་གི་ཉི་འོད་མེད་ན།།
པད་མོ་ཇི་ལྟར་བཞད་པ།།
རྒྱ་བོད་མཐུན་སྒྲིལ་མེད་ན།།
ཟེའུ་འབྲུ་ཇི་ལྟར་རྒྱས་ཨེ།།
ར༽
ཏང་གི་ཉི་མ་མེད་ཀྱང་།།
པད་མོ་སྔར་ནས་བཞད་ཡོད།།
བོད་རྒྱ་མཐུན་སྒྲིལ་ཆོག་ཀྱང་།།
ཟེའུ་འབྲུའི་གཡོ་རྒྱུ་མི་དགོས།།


ད༽
མི་རིགས་རང་སྐྱོང་བྱས་པས།།
མཐུན་སྒྲིལ་མེ་ཏོག་ཤར་བྱུང་།།
འདྲ་མཉམ་དྲི་བསུང་འཐུལ་བས།།
མཛའ་མཐུན་བུང་བ་འཁོར་བྱུང་།།
ར༽
མི་རིགས་རང་སྐྱོང་ཟེར་ནས།།
ཆོལ་གསུམ་སྤུན་ཟླ་གཏོར་བྱུང་།།
འདྲ་མཉམ་དྲི་བསུང་འཐུལ་རྒྱུ།།
མ་འབད་ལས་ཀྱིས་གྲུབ་ཡོང་།།


ད༽
མུ་མེད་ཐང་སྟོང་ཐོག་ལ།།
པ་ཏྲའི་རི་མོ་ཇི་བཞིན།།
གཞུང་ལམ་དྲ་བ་བསྣོལ་བས།།
རྒྱ་བོད་འགྲིམ་འགྲུལ་དར་སོང་།།
ར༽
མུ་མེད་བོད་ཀྱི་ཡུལ་ལ།།
གྱིག་གི་སྦུ་ག་འདྲ་བའི།།
གཞུང་ལམ་ཁག་མང་བཟོས་ནས།།
རིན་དངོས་རྒྱུ་ནོར་རྐུས་སོང་།།


ད༽
ལོ་ཁྲིར་གཉིད་དུ་ཡུར་བའི།།
གཏེར་གྱི་སྒོ་མོ་ཕྱེས་པས།།
གངས་ཅན་བཟོ་ལས་ཐོན་སྐྱེད།།
ཡར་ངོའི་ཟླ་ལྟར་འཕེལ་སོང་།།
ར༽
ཁྲི་ལོར་གཏེར་དུ་སྦྲུམ་པའི།།
རིན་ཆེན་རྐུ་རྒྱུར་བྲེལ་ནས།།
གངས་ཅན་བཟོ་ལས་ཡར་རྒྱས།།
བྱིའུའི་གཅིན་པ་འདྲ་བྱུང་།།


ད༽
ཞིང་ས་གྲུ་བཞིའི་ཐོག་ལ།།
འཕྲུལ་གྱི་ལྕགས་གླང་བཏང་བས།།
སྟོན་ཐོག་གྲོ་ནས་སྲན་གསུམ།།
རི་བོའི་གཏོས་དང་མཉམ་སོང་།།
ར༽
ཞིང་ཁ་ལེབ་མོའི་ལྒང་ལ།།
འཕྲུལ་ཆས་ཊཀ་ཊར་གཏོང་བར།།
ཧ་ལས་ཧོན་འཐོར་བྱས་པ།།
ལྐུགས་རྟགས་རི་དང་མཉམ་སོང་།།


ད༽
མཐའ་ཡས་སྤང་ལྗོངས་སྔོན་མོ།།
རྫས་འགྱུར་ལུད་ཀྱིས་གསོས་པས།།
སྒོ་ཕྱུགས་རྟ་ནོར་ལུག་གསུམ།།
ལ་ཐང་མེད་པར་ཁེངས་སོང་།།
ར༽
མཐའ་ཡས་ཞིང་ཁ་སྔོན་མོར།།
རྫས་འགྱུར་ལུད་ཀྱིས་བསླུས་ནས།།
ལོ་གསུམ་ལོ་བཞིའི་རྗེས་ལ།།
སྟོན་ཐོག་བརྔ་རིན་མི་འདུག།


ད༽
གོས་ཆེན་དར་གྱི་ཟ་འོག།
འཇམ་པོ་མི་འདུག་མ་གསུངས།།
བྷོ་ཊའི་སྨན་ཤར་བུ་མོ།།
ཟ་འོག་རི་མོར་ཞེན་སོང་།།
ར༽
གོས་ཆེན་ཟ་འོག་ཟེར་བས།།
སྔར་ནས་ད་བར་བསླུས་བྱུང་།།
བྷོ་ཊའི་སྨན་ཤར་བུ་མོར།།
ད་ཆ་ཟ་འོག་མི་དགོས།།


ད༽
ཁ་བཏགས་དཀར་པོའི་ཐོག་ཏུ།།
རི་མོ་མི་འདུག་མ་གསུངས།།
ཁ་བ་ཅན་པའི་བསམ་པ།།
ཁ་བཏགས་ལས་ཀྱང་དཀར་བ།།
ར༽
ཁ་བཏགས་དཀར་ཐག་ཆོད་ནས།།
རི་མོ་གང་འབྲི་སོང་ཙང་།།
ཤར་གྱི་འདྲེ་ལག་ནག་པོས།།
ས་བཀྲ་གང་འདོད་བྲིས་སོང་།།


ད༽
ཇ་ནག་ཁུ་བའི་ནང་དུ།།
འོ་མ་མི་འདུག་མ་གསུངས།།
རྒྱ་རིགས་བུ་མོའི་མཆུ་སྒྲོས།།
འོ་མ་ལས་ཀྱང་ཞིམ་པ།།
ར༽
རྒྱ་རིགས་བུ་མོའི་མཆུ་ཏོ།།
རེག་དུག་ནད་ཀྱི་རྩ་བ།།
དེ་ལས་འོ་མ་མེད་ཀྱང་།།
ཇ་དྭངས་འཐུང་ན་བདེ་བ།།

མཆན།

ཊཀ་ཊར་ནི་ཞིང་རྨོ་བྱེད་ཀྱི་མོ་ཏ་འཁོར་ལོ་ཆེན་པོ་ཅན།

རེག་དུག་ནི་འཁྲིག་སྤྱོད་བྱས་པ་སོགས་ལས་བགོས་པའི་ཨེ་ཛེ་(HIV)ནད་དེ་མགྱོགས་མྱུར་འཆི་བ་ལས་ཐར་ཐབས་མེད་པ་ཞིག

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།