2010-05-14

༢༠༡༢་ཞེས་པའི་གློག་བརྙན་དང་བོད་འཇིག་བསྐལ།


འདི་ལོར་སྐུ་ཞབས་རོ་ནལཌ། ཨེམ་མེ་རི་ཆིས་ Roland Emmerich བཟོས་པའི་གློག་བརྙན༢༠༡༢ཞེས་པ་འཛམ་གླིང་འཇིག་ཚུལ་གྱི་སྐོར་ཞིག་བཏོན་ཡོད་པ་བལྟས་པའི་རྗེས། རྒྱ་ཕྲུག་དང་བོད་ཕྲུག་མང་པོ་ཞིག་གིས་མཐའ་མ་འཛམ་གླིང་སྐྱོབ་མཁན་དེ་རྒྱ་ནག་རེད་ཟེར་བ་དང་རྒྱ་ནག་མ་རེད་བོད་རེད་ཟེར་བའི་གླེང་སློང་བྱེད་ཀྱི་ཡོད།

དེའི་དོན་རྐྱེན་ནི་གློག་བརྙན་དེའི་ནང་འཛམ་གླིང་གི་ཚ་དྲོད་འཕེལ་བས་དང་ཐོག་ས་འགུལ་གྱི་འཇིག་པ་དང་། དེ་ནས་མཐའི་རྒྱ་མཚོ་ཆེན་པོ་འཕེལ་ཏེ་འཛམ་གླིང་ཡོངས་རྫོགས་ཆུས་ནུབ་ལ་ཉེ་བ་ན་གནས་ལུགས་ཤེས་པའི་མི་ཚོས་བོད་ཀྱི་ཇོ་མོ་གླང་མ་ཉེ་འཁྲིས་སུ་བྲོས་ཕྱིན་པ་དང་། དེར་ཆེད་ལས་ཀྱིས་བཟོས་པའི་གྲུ་བོ་ཆེར་བསྡད་དེ་མི་མང་ཁྲི་ཚོ་མང་པོའི་སྲོག་སྐྱོབ་པ་འཁྲབ་ཡོད་པ་དེ་རེད།

འོན་ཀྱང་ངས་ངོས་ནས་བྱས་ན། འཛམ་གླིང་སྐྱོབ་མཁན་བོད་དང་རྒྱ་ནག་སུ་ཡིན་རྩོད་གླེང་བྱ་རྒྱུ་མ་ཡིན་པར། ཆེས་བཀོད་ལེགས་མཛད་པའི་༢༠༡༢་ཞེས་པའི་གློག་བརྙན་དེ་རྫོགས་ལ་ཉེ་བའི་སྐབས་སུ་བོད་པའི་གྲྭ་པ་རེ་གཉིས་དང་བོད་མི་རེ་གཉིས་སྟོན་གྱི་འདུག་པ་དེའི་ཀུན་སྤྱོད་ཡིན། གློག་བརྙན་དེ་ཡག་པོ་དེ་འདྲ་ཞིག་བཟོས་ཡོད་ནའང་། དེའི་ནང་གི་བོད་མི་འཁྲབ་མཁན་དེ་ཚོས་བོད་སྐད་རྩ་བ་ནས་ཡག་པོ་རྒྱག་ཤེས་ཀྱི་མེད་པ་དང་། ལྷག་པར་དུ་བོད་པའི་གྲྭ་པ་བགྲེས་སོང་ཞིག་གི་རྒྱ་བཟོའི་དྲིལ་པོ་ཆེན་པོ་ཞིག་བརྡུངས་པ་དང་། ཆེས་མི་མཛེས་པ་ཞིག་ལ་བོད་ཆས་ལེགས་པར་གོན་པའི་བོད་པའི་རྨོ་ལགས་ཤིག་གིས་གྲྭ་པ་ཞིག་གི་མདུན་སར་སྟ་རེ་འཆར་ནས་བྱ་དེའི་སྐེ་གཅོད་པ་དེ་འདྲ་འཁྲབ་འདུག
གནས་དོན་དེའི་འཐད་ཕྱོགས་གཉིས་ནས་ཁོ་བོས་བཤད་ན།
༡ གློག་བརྙན་དེའི་ནང་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱས་པ་དང་། བོད་ཀྱི་རིགས་གཞུང་ལ་མཐོང་ཆུང་བྱས་པ་དང་། བོད་ཀྱི་ཆོས་དད་ལ་དམའ་འབེབས་བྱེད་པ་ཞིག་མཐོང་གི་འདུག

༢ ཡང་ཕྱོགས་གཞན་ནས་བཤད་ན། དངོས་གནས་བོད་ལ་རང་དབང་ངམ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་མ་རག་ན་རིང་མིན་༢༠༡༢ལོར་བོད་དེའང་གློག་བརྙན་ནང་བསྟན་པ་ནང་བཞིན་ཆག་རྒྱུའི་ཉན་ཁ་ཡོད་པ་སྟོན་གྱི་ཡོད་པ་འདྲ་པོ་མིན་ནམ་སྙམ།

༼དིང་སང་ཁ་ཤས་ཀྱིས་ལྟད་མོ་དེའི་མིང་ལ་2012 end of tibet བོད་ཀྱི་འཇིག་བསྐལ་༢༠༡༢་ལབ་ཀྱི་ཡོད།༽

No comments:

Post a Comment

བསམ་འཆར་གང་མང་གནང་ན་དགའ་བསུ་ཡོད།